གནའ་ཤུལ།

སྤི་ཏི་གྲུབ་ཐོབ་རང་རིག་རས་པའི་མཛད་རྣམ།
༸རྒྱལ་མཆོག་སྐུ་ཕྲེང་ལྔ་པ་བློ་བཟང་རྒྱ་མཚོ་མཆོག་དང་དུས་མཉམ་དུ་ཁེལ་བའི་རྒྱ་གར་གྱི་སློབ་དཔོན་ཆེན་པོ་པདྨ་ཀ་རའི་སྒྱུ་འཕྲུལ་ཟློས་པའི་གར་དུ་གྱུར་པའི་དཔལ་ལྡན་འབྲུག་པ་བཀའ་རྒྱུད་ཀྱི་བླ་མ་སྙན་གྲགས་ཆེ་བའི་གྲུབ་ཆེན་རང་རིག་རས་པ་ཀུན་དགའ་རྒྱ་མཚོ་མཆོག་ནི་སྤི་ཏི་རང་རིག་ཅེས་པའི་ཡུལ་དུ་ཕྱི་ལོ་ ༡༦༡༩ ལོར་སྐུ་འཁྲུངས་ཡོད་པ་རེད།
སྤི་ཏིའི་ཡུལ་མི་རྣམས་ཀྱིས་ཤོད་སྲོལ་ལ། གྲུབ་ཐོབ་རང་རིག་རས་པའི་མ་ཡུམ་ཐོག་མར་རང་རིག་ཡུལ་གྱི་ཇོ་མོ་ཞིག་ཡིན་ཞིང། རྗེས་སུ་ཕ་སུ་ཡིན་མེད་པའི་ཇོ་མོ་དེ་ལ་ཕྲུ་གུ་ཞིག་བཙས་པར། ཡུལ་མི་རྣམས་ཀྱིས་ཇོ་མོ་དེར་ཕ་སུ་ཡིན་མི་ཤེས་པའི་ཕྲུ་གུ་སྐྱེས་པར་རྣམ་རྟོག་དང། དམའ་འབེབས་བྱས་ཏེ་རང་རིག་གྲོང་པ་ནས་ལེ་དབར་གཅིག་ཙམ་འགྲོ་དགོས་པའི་བྲག་ཕུག་ཅིག་ཡོད་པ་དེར་རྒྱང་ཕུད་དུ་བཏང་ཡོད་འདུག རིམ་བཞིན་ཕྲུ་གུ་དེ་ཉིད་རིགས་ཀྱི་བབ་ཆགས་ཡོངས་སུ་སད་དེ་དམ་པའི་ལྷ་ཆོས་ལ་དོ་སྣང་ཆེན་པོ་གནང་མཁན་ཞིག་བྱུང་ཡོད་འདུག་ཅེས་ཟེར།
ཁོང་ཆུང་དུས་བྲག་ཕུག་དེར་བཞུགས་རིང་བྲག་ཕུག་དེའི་ངོས་སུ་གྲུབ་རྟགས་ཀྱི་མཛུབ་རྗེས་མང་པོ་བཞག་གནང་མཛད་པ་དང། གོང་དུ་པར་ངོས་ལ་ཡོད་པའི་བྲག་ངོས་དེ་ལ་གྲུབ་ཐོབ་རང་རིག་རས་པའི་མཛུབ་རྗེས་བརྒྱ་དང་བརྒྱད་ཙམ་ཡོད་ལུགས་བཤད་པ་དང། བྲག་ངོས་དེ་ལ་མཆོད་རྟེན་གྱི་དབྱིབས་གཟུགས་ལྟ་བུ་ཕྱག་བྲིས་གནང་བ། ཁོང་གིས་ཞིང་མཆོག་རྒྱ་མཚོ་མའི་གུང་ལ་ཚེར་མའི་ཤིང་ཕུང་ཞིག་བཙུགས་གནང་བ་དེ་དག་ད་ལྟ་དངོས་སུ་མཇལ་རྒྱུ་ཡོད་པ་དང། བྲག་ཕུག་དེའི་ནང་དུ་དེང་སང་ཆོས་པ་ཁག་ཅིག་སྐུ་མཚམས་ལ་བཞུགས་སྲོལ་ཡང་ཡོད་འདུག ཁོང་སྐུ་ན་ཆུང་དུས་སྐབས་ཀྱི་མཛད་རྣམ་དཔེར་ན། གྲུབ་ཐོབ་རང་རིག་རས་པའི་གསུང་མགུར་ཞེས་པ་དང། ཞལ་གདམས་འཆི་མེད་བདུད་རྩིའི་རླབས་ཕྲེང་ཞེས་པའི་ནང་དུ་འདི་བཞིན་གསལ་ཏེ།
ཡུལ་རང་རིག་གི་བྱིས་པ་མང་པོ་ལ་ལ་ཤིང་འཐུ། ལ་ལ་རིའུ་བི་ལུག་འཚོར་ཕྱིན། ཞིང་རྒྱ་མཚོར་འཛོམས་ནས། ལོ་ཏོག་དང་མེ་ཏོག་བཏུས་ཏེ་མེ་ཏོག་གི་མཎྜལ། བསྲུས་དང་འཛའ་ཟན་བསྡུས་ནས་ཚོགས་འཁོར་བྱས། ཞོ་དར་གྱི་ནང་མཆོད་བཤམས་ནས་གཅིག་གི་ཆོས་ཤོད། གཞན་ཐམས་ཅད་ཀྱིས་ཉན་པར་བྱེད་པ་ལ་ཆོས་སུས་འཆད་གྲོས་བྱས་པས། གཅིག་ན་རེ། ཁྱེད་ཨ་མ་ཇོ་མོའི་བུ་ཡིན་པས་ཆོས་འཆད་པར་འོས་ཟེར། ལོ་ཏོག་གི་ཁར་རས་དཀར་གདན་ལ་བཞུགས་ཏེ་སྨྲས་པ། ལེགས་པར་གསོན་ཅིག་བྱིས་པའི་གྲོགས་མཆེད་རྣམས། །བྱིས་པའི་འཁོར་ལ་བྱིས་པའི་བླ་མ་ངས། །རང་རིག་ཡུལ་གྱི་ཞིང་མཆོག་རྒྱ་མཚོ་མར། །ལོ་ཏོག་འབྲས་བུ་སྨིན་པའི་དཀྱིལ་འཁོར་འདིར། །དམ་ཆོས་འཆད་པའི་རྟེན་འབྲེལ་ཕུན་སུམ་ཚོགས། །ཆོས་ཀྱི་དང་པོ་སྐྱབས་འགྲོ་སེམས་བསྐྱེད་བྱོས། །གཏན་གྱི་བློ་རྩེ་དཀོན་མཆོག་གསུམ་ལ་གཏོད། །ཆོས་ཀྱི་སྔོན་འགྲོ་འཆི་བ་མི་རྟག་སྒོམས། །རང་རེ་བྱིས་པ་ཕོ་མོ་ཚོགས་ཙ་ན། །འཆི་བ་ཡོང་སྙམ་ཀུན་ལ་མི་འདུག་སྟེ། །ཤི་བ་ཐོག་བབ་ཡོང་བ་གོ་བར་གྱིས། །ཆོས་ཀྱི་དངོས་གཞི་བྱིས་པའི་རང་སེམས་ལྟོས། །མ་བཅོས་ལྷུག་པར་ཞོགས་ཤིག་བྱིས་པ་རྣམས། །ཞེས་པ་ལྟ་བུ་ཡིན།

No comments: