Monday, October 11, 2010

ཧི་མ་ལ་ཡའི་རི་རྒྱུད་སྤི་ཏིའི་བུད་མེད་རྣམས་ཀྱི་ཆས་གོས།

སྔ་ལོ་གུས་པ་ཕྱི་ཟླ་དྲུག་པ་དང་བདུན་པ་གཉིས་རིང་སྤི་ཏི་ཡུལ་དུ་བསྡད་ཅིང། དེའི་རིང་ལ་དཀར་མཛེས་ས་སྐྱ་དགོན་དུ་༸གོང་ས་མཆོག་གི་གསུང་ཆོས་དང། བྲག་མཁར་དགོན་དུ་༸གོང་ས་མཆོག་གི་གསུང་ཆོས། རྟ་ཕོ་དགོན་དུ་༸གོང་ས་མཆོག་གི་གསུང་ཆོས། བོད་ཟླ་ལྔ་པའི་ཚེས་བཅུ་ཉིན་སྤིན་གུང་རི་དགོན་ཨོ་རྒྱན་གསང་སྔགས་ཆོས་གླིང་དུ་གུ་རུ་མཚན་བརྒྱད་ཀྱི་གར་འཆམ་མཇལ་ཁ། བོད་ཟླ་ལྔ་པའི་ཚེས་ཉེར་དགུ་ཉིན་དཀྱིལ་དགོན་ནོར་བུ་དགེ་འཕེལ་དུ་དགུ་གཏོར་མཇལ་ཁ་བཅས་སོང་བའི་རིང་ཚོར་སྣང་ལ་ཡུལ་མི་རྣམས་ཆོས་དད་ཤིན་ཏུ་ཆེ་བ་མ་ཟད། ༸གོང་ས་མཆོག་བྲག་མཁར་དགོན་དུ་བཞུགས་ཞག་གནང་བའི་ཕྱི་དྲོར་ཡུལ་མི་བུད་མེད་མང་པོ་ཕྲེང་བ་བསྒྲིགས་ཏེ་༸གོང་ས་མཆོག་བཞུགས་པའི་ཕོ་བྲང་ཕྱོགས་སུ་བརྐྱངས་ཕྱག་རྒྱུན་རིང་འཚལ་བ་དང། དཀྱིལ་དགོན་དགུ་གཏོར་སྐབས་སུ་ཡུལ་མི་ཕོ་མོ་མང་པོ་གར་འཆམ་ཕེབས་ལམ་ཐོག་ཏུ་ཉལ་ཏེ་དད་སེམས་ཆེན་པོས་གར་འཆམ་པར་རྫི་འབོག་བྱས་ཏེ་ཕེབས་སུ་བཅུག་གི་འདུག འོན་ཀྱང། སྤི་ཏིའི་ཡུལ་མི་ཚོར་རང་རང་སོ་སོའི་ཐུན་མོང་མ་ཡིན་པའི་ལུང་པའི་ཆས་གོས་ལ་དོ་སྣང་ཆེས་ཞན་པོ་ལྟ་བུ་ཞིག་ཡིན་པར་མཐོང་སྣང་སྟེར་བྱུང། དཔེར་ན། གོང་གི་པར་དུ་ཡོད་པའི་ཆས་གོས་གང་སྤྲས་པ་དེ་དག་ནི་ཆེད་དུ་དམིགས་ནས་གྱོན་པ་ཞིག་ལས། དུས་རྒྱུན་དང། དུས་ཆེན་ཁག ཆོས་ཀྱི་མཛད་སྒོ་ཁག་གང་ཡིན་བཅས་ལ་ཡུལ་མི་རེ་རེ་གཉིས་གཉིས་ཙམ་མ་གཏོགས་ཡུལ་མི་རྣམས་ཐུན་མོང་མ་ཡིན་པའི་སྤི་ཏིའི་ཆས་གོས་གྱོན་མཁན་དཀོན་པོ་རེད་འདུག། དུས་ཆེན་ཁག་དང། ཆོས་ཀྱི་མཛད་སྒོ། ལྷག་པར་བླ་མ་མཇལ་བ་ལྟ་བུར་བུད་མེད་རྣམས་རང་གི་ཆས་གོས་མ་སྤྲས་པར་རྒྱ་གར་པཱན་ཇཱབ་པཱའི་ཆས་གོས་དེ་དག་གྱོན་ནས་བླ་མ་མཇལ་ཁར་བཅར་དུས་མཐོང་སྣང་མི་བདེ་བའི་ཚོར་སྣང་ཞིག་སྟེར་གྱི་འདུག་ལ། དེའི་སྐོར་སྤི་ཏི་བ་བསམ་འགྲུབ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་གསུངས་དོན། སྤི་ཏི་བ་རང་གི་ཐུན་མོང་མ་ཡིན་པའི་ཆས་གོས་གྱོན་མཁན་དཀོན་པོ་རེད། གལ་ཏེ་རེ་གཉིས་གྱོན་མཁན་བྱུང་ནའང་མི་མང་པོས་དེ་དག་ལ་ཟུར་ཟ་ལྟ་བུའི་སྐད་ཆ་བཤད་པ་དང། ཁྲེལ་རྒོད་ལྟ་བུའི་ལྟ་སྟངས་ཁྱད་མཚར་དེ་འདྲ་བྱེད་ཀྱི་འདུག་པས་རང་རང་སོ་སོའི་ཆས་གོས་གྱོན་མཁན་དཀོན་པོ་རེད་འདུག ཅེས་གསུངས་བྱུང།།
རྩོམ་སྒྲིག་པས།

No comments:

Post a Comment