Monday, October 11, 2010

སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཟབ་རྒྱས་ཞུས་པ།

ཕྱི་ཟླ་ ༠༧ པའི་ཚེས་ ༠༦ ཉིན་སྤི་ཏི་ཧི་མ་ལ་ཡའི་ཆོས་རིག་འཛིན་སྐྱོང་ཚོགས་པའི་གོ་བསྒྲིགས་འོག ཧི་མ་ལ་ཡའི་རི་རྒྱུད་སྤི་ཏི་བ་ཡུལ་མི་རྣམས་ཀྱིས་དཀར་མཛེས་ས་སྐྱ་དགོན་དུ་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཟབ་རྒྱས་ཞུས་ཡོད་པ་རེད། ཉིན་དེར་སྐུ་མགྲོན་གཙོ་བོ་སྤིན་གུང་རི་དགོན་ཨོ་རྒྱན་གསང་སྔགས་ཆོས་གླིང་གི་གཡོ་མེད་སྤྲུལ་སྐུ་རིན་པོ་ཆེ་མཆོག་དང། བླ་རི་བ་སྐུ་ངོ་ཕུན་ཚོགས་མཆོག སྤི་ཏི་ཧི་མ་ལ་ཡ་ཆོས་རིག་འཛིན་སྐྱོང་ཚོགས་པའི་ཚོགས་གཙོ་སྐུ་ངོ་ཚེ་རིང་སྟོབས་རྒྱས་མཆོག གཞན་ཡང་རྟ་པོ་དགོན་པ་དང། སྤིན་གུང་རི་དགོན་པ། བྲག་མཁར་དགོན་པ། དཀྱིལ་དགོན་པ། ཇོ་མོ་དགོན་པ་ཁག་བཅས་ཀྱི་འཐུས་མི་སྐུ་ཚབ་མང་དག་ཅིག་ཕེབས་ཡོད་པ་དང། མི་མང་རྒྱ་ཕྲག་མང་པོ་འདུ་འཛོམས་ཀྱིས་སྐུའི་འཁྲུངས་སྐར་ལ་སྲུང་བརྩི་ཟབ་རྒྱས་ཞུས་ཡོད་པ་རེད།

ཉིན་དེར་ཆར་པ་ཆད་མེད་དུ་བབས་ཡོད་ཀྱང་དཀར་མཛེས་ས་སྐྱ་དགོན་པའི་ཚོགས་ཁང་དུ་ཞོགས་པ་དགེ་འདུན་པ་གཙོས་པའི་ཡུལ་མི་བརྒྱ་ཕྲག་མང་པོ་དང། ཕྱི་རྒྱལ་བ་བཅས་འདུ་འཛོམས་ཀྱིས་ཐོག་མར་ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་ཡང་དག་པར་མཛད་པ་དང། དེ་རྗེས་ཚོགས་ཁང་འོག་མར་སྤི་ཏི་ཧི་མ་ལ་ཡ་ཆོས་རིག་འཛིན་སྐྱོང་ཚོགས་པའི་ཚོགས་གཙོ་སྐུ་ངོ་ཚེ་རིང་སྟོབས་རྒྱས་མཆོག་གིས། སྤི་ཏི་ཧི་མ་ལ་ཡའི་ཆོས་རིག་འཛིན་སྐྱོང་ཚོགས་པ་བཙུགས་དགོས་པའི་དམིགས་ཡུལ་གཙོ་བོ་ནི། རང་རེའི་ནང་པ་སངས་རྒྱས་པའི་ཆོས་ལུགས་འདི་ཉིད་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་ངང་ནས་རྒྱུན་འཛིན་སྲུང་སྐྱོབས་བྱ་རྒྱུ་དང། ལྷག་པར་དུ་ང་ཚོ་ཧི་མ་ལ་ཡའི་ཕ་སྐད་བྷོ་ཊི་སྐད་ཡིག་འདི་ཉིད་ཡང་དག་པ་ཞིག་གཅེས་ཉར་སྲུང་སྐྱོབས་བྱ་ཐུབ་པའི་ཕྱིར་དུ་བཙུགས་པ་ཞིག་ཡིན། ང་རང་སྤི་ཏི་ཧི་མ་ལ་ཡའི་ཆོས་རིག་འཛིན་སྐྱོང་ཚོགས་པའི་ཚོགས་གཙོ་བཟུང་ནས་ད་བར་ཧི་མ་ཅལ་མངའ་སྡེའི་དཔོན་པོ་དང། རྒྱ་གར་དབུས་གཞུང་གི་དཔོན་པོ་སུ་འདྲ་ཞིག་མཇལ་འཕྲད་བྱུང་ནའང། བྷོ་ཊི་སྐད་ཡིག་འདི་ཉིད་མངའ་སྡེ་གཞན་པའི་སྐད་ཡིག་ལྟ་བུ་ཁྲིམས་མཐུན་འདྲ་མཉམ་གྱི་ཐོག་ཏུ་ངོས་ལེན་གནང་དགོས་པའི་སྙན་ཞུ་ཡང་ཡང་ཕུལ་དང་འབུལ་བཞིན་པ་མ་ཚད། ཉེ་ཆར་མཱ་ན་ལཱི་རུ་ལྕམ་སྐུ་སོ་ནི་ཡཱ་གནྡྷི་མཆོག་ཕེབས་དུས་ལའང་ང་ཚོ་འཐུས་མི་ཁག་ཅིག་བཅར་ནས། ལྕམ་སྐུ་མཆོག་ལ་ཧི་མ་ལ་ཡའི་ཐུན་མོང་མ་ཡིན་པའི་བྷོ་ཊི་སྐད་ཡིག་འདི་ཉིད་མངའ་སྡེ་གཞན་པའི་སྐད་ཡིག་ལྟར་རྒྱ་གར་དབུས་གཞུང་ཁྲིམས་ཐོག་ནས་ངོས་ལེན་གནང་རོགས་ཞེས་ཞུས་ཡོད་ཅེས་བཀའ་སློབ་གནང་བ་དང། དེ་རྗེས་བླ་རི་བ་སྐུ་ངོ་ཕུན་ཚོགས་མཆོག་གིས། རང་རེ་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ནང་པ་སངས་རྒྱས་པའི་ཆོས་ལུགས་འདི་ཉིད་གཅེས་སྤྲས་དང་རྒྱུན་འཛིན་དམ་ཟབ་བྱ་དགོས་པ་དང། ནང་ཆོས་རྒྱུན་འཛིན་བྱེད་པར་ཐོག་མར་ཕ་མེས་ནས་བརྒྱུད་ཡོང་བའི་རང་རེའི་བྷོ་ཊི་སྐད་ཡིག་འདི་ཁོ་ན་ལ་རག་ལས་ཡོད་པས། མི་མང་ཚང་མས་རང་གི་ཕ་སྐད་བྷོ་ཊི་སྐད་ཡིག་འདི་ཉིད་ལ་སློབ་སྦྱོང་རྒྱུན་འཛིན་ངེས་པར་དུ་བྱ་དགོས་པའི་སྐོར་སོགས་བཀའ་སློབ་ཟབ་ནན་དུ་གནང་ཡོད་པ་རེད། དེ་རྗེས་སྐུ་མགྲོན་གཙོ་བོ་སྤིན་གུང་རི་དགོན་གསང་སྔགས་ཆོས་གླིང་གི་གཡོ་མེད་སྤྲུལ་སྐུ་རིན་པོ་ཆེ་མཆོག་གིས་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ནི་མི་གཞན་གྱི་སྐྱེས་སྐར་དང་རྩ་བ་ནས་མི་འདྲ་བར་ནང་པའི་ཆོས་ཀྱི་མཛད་སྒོ་གལ་ཆེན་ཞིག་དང་འབྲེལ་བའི་གནད་འགག་ཆེན་པོ་ཞིག་ཆགས་ཡོད་ལུགས་སྐོར་སོགས་ཀྱི་བཀའ་སློབ་གནང་ཡོད་པ་རེད།

ཉིན་དེར་མཛད་སྒོའི་རིང་ལ་ལོ་རྒྱུན་བཞིན་སྤི་ཏི་ཧི་མ་ལ་ཡའི་ཆོས་རིག་འཛིན་སྐྱོང་ཚོགས་པ་ནས་མི་མང་རྣམས་ལ་གསོལ་ཇ་དང་འབྲས་སིལ། ཉིན་གུང་ཞལ་ལག་བཅས་ཕུལ་ཡོད་པ་དང། ཕྱི་དྲོར་ཕྱི་རྒྱལ་བའི་གླུ་གཞས་གཏོང་མཁན་དང། ལྷག་པར་སྤི་ཏི་ཡུལ་མི་རྣམས་ཀྱིས་རང་རང་ཡུལ་ལུང་སོ་སོའི་ཆས་གོས་སྤྲས་ཏེ་ཐུན་མོང་མ་ཡིན་པའི་སྤི་ཏི་བའི་གླུ་གཞས་སྣ་མང་ཞིག་མི་མང་ལ་གཟིགས་འབུལ་ཞུས་ཡོད་པ་རེད།།

No comments:

Post a Comment