Tuesday, November 2, 2010

ང་སུ་རེད་དམ།

ང་ཚོ་མི་རིགས་ཀྱི་སྐད་དང་མཐུན་པའི་དབྱངས་གསལ་སོ་བཞི་ལས་ གྲུབ་པའི་ཡིག་གཟུགས་འདི་ནི་དུས་རབས་བདུན་པ་ཙམ་ལ་བཟོས་ཤིང་ད་བར་མི་རབས་རིམ་ བརྒྱུད་ཀྱིས་བེད་སྤྱོད་གཏོང་བཞིན་ཡོང་བ་རེད། ད་ལྟ་ང་ཚོས་ཀྱང་རང་ཉིད་ཀྱི་སྐད་ཡིག་འདི་ཉིད་བེད་སྤྱོད་ཡང་དག་པར་གཏོང་དགོས་ པ་མ་ཚད། ང་ཚོའི་སྐད་ཡིག་ལ་ཆག་གྲུམ་དང་སྐྱོན་ཆ་མེད་པའི་ཐོག་ནས་མི་རབས་ཕྱི་མ་རྣམས་ལ་ ངེས་པར་དུ་རྩིས་འཕྲོད་ཐུབ་པའི་འགན་འཁྲིའང་ང་ཚོའི་མི་རབས་འདིའི་འཕྲག་ཐོག་ཏུ་ བབ་ཡོད།
མ་གཞི། ང་ཚོའི་མི་རིགས་འདི་ཡིས་འཇོན་ན་སྐད་ཡིག་གིས་མི་འཇོན་པ་རྩ་བ་ནས་མེད་སོང༌། དཔེར་ན། སྔར་ཆོས་རྒྱལ་སྲོང་བཙན་དང་ཁྲི་སྲོང་སོགས་ཀྱི་སྐུ་དུས་སུ་ང་ཚོས་ནང་ཆོས་ནང་ འདྲེན་མཛད་པས། དེང་སང་ནང་ཆོས་ནི་རྒྱལ་བ་ཤཱཀྱ་ཐུབ་པས་ཐོག་མ་ཉིད་ནས་ང་ཚོའི་སྐད་ཡིག་ནང་དུ་ གསུངས་ཡོད་པ་ལྟ་བུ། ཆོས་ཚིག་གི་ཐོག་ལ་ང་ཚོའི་སྐད་ཡིག་ཕྱུག་ཚད་ཆེས་ཕུན་སུམ་ཚོགས་པར་གྱུར་འདུག་པ་ འདི་ཡིས་ཤེས་ཐུབ་པ་ཡིན། དེས་ན། ང་ཚོའི་སྐད་ཡིག་ནི་རང་གི་བླ་སྲོག་ལྟར་རྩ་ཆེན་ལ་བཟུང་སྟེ་ང་ཚོའི་སྐད་ཡིག་དར་ རྒྱས་རྒྱུན་སྲིང་ཐད་འཇོན་ཐང་ངེས་པར་དུ་བཏོན་དགོས།
ང་ཚོའི་སྐད་ཡིག་གང་ ཞིག་ཡིན་པ་ངོས་ཟིན་རྗེས་ང་ཚོའི་སྐད་ཡིག་ཡར་རྒྱས་སྲུང་སྐྱོབས་བྱ་ཐབས་ལ་འབད་ དགོས་ཤིང༌། མི་ཤེས་ན་གཞན་ལ་མིག་དཔེའང་ལྟ་དགོས། འཛམ་གླིང་ནང་རྒྱལ་ཁབ་དང༌། མི་རིགས་མི་འདྲ་བ་ཚང་མས་རང་རང་སོ་སོའི་སྐད་ཡིག་ནི་ཆེས་རྩ་ཆེ་ཤོས་སུ་འཛིན་ ཅིང༌། རྒྱལ་ཁབ་དང་མི་རིགས་ཕལ་མོ་ཆེས་རང་རང་སོ་སོའི་སྐད་ཡིག་གཙང་མ་བེད་སྤྱོད་གཏོང་ བཞིན་གཅེས་སྲུང་ལ་ཉར་ཚགས་བྱེད་བཞིན་པ་རེད། དཔེར་ན།
༡ རྒྱ་ནག་ནི་བར་སྐབས་ཕྱི་ལོ་ ༡༩༧༩ བར་དུ་མའོ་ཡི་བཙན་བཟུང་དམ་དྲག་འོག་ཏུ་ཚུད་ཀྱང༌། ལོ་རབས་བརྒྱད་བཅུ་པའི་ནང་ལ་ཏིང་ཞའོ་ཧྥིང་གིས་སྒྱུར་བཅོས་བགོ་དབྱེ་བྱས་རྗེས་ རྒྱ་རིགས་མང་པོ་ཨ་རི་ལ་བྲོས་བྱོལ་འགྲོ་བའི་གོ་སྐབས་ཐོབ་ཅིང༌། ད་བར་མི་ལོ་སུམ་ཅུ་ཡས་མས་ཀྱི་ནང་དུ་ཨ་རི་ལ་འབྱོར་བའི་རྒྱ་རིགས་མི་མང་དེ་དག་ གིས་ཨ་རི་མང་གཙོ་རྒྱལ་ཁབ་ཏུ་རྒྱ་མིའི་གྲོང་རྡལ་ China Town ཞེས་པའི་མིང་བྱང་འོག་ཏུ་རྒྱ་རིགས་ཁེར་རྐྱང་སྡོད་སའི་ས་གནས་ཤིག་དམིགས་སུ་ བདམས་འཛིན་གྱིས་རྒྱ་རིགས་རང་ཉིད་ཀྱི་སྐད་ཡིག་དང༌། ཆོས་ལུགས། ཆས་གོས་སོགས་ཡུལ་སྲོལ་གོམས་གཤིས་སྲོག་ལས་གཅེས་པར་བརྟན་སྲུང་བྱེད་ནས་སྡོད་ འདུག་ཟེར། དཔེར་ན། རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་སོགས་ལ་འགྲོ་མྱོང་ཡོད་མཁན་ཞིག་ཨ་རི་ལ་ཡོད་པའི་ རྒྱ་མིའི་གྲོང་རྡལ་ China Town ཞེས་པ་དེར་འབྱོར་དུས། རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་ལྟ་བུ་ཞིག་ལ་སླེབས་སྡོད་པའི་ཚོར་སྣང་མ་གཏོགས། ཨ་རི་ལ་འབྱོར་བའི་ཚོར་བ་སྤྲོད་ཐུབ་ཀྱི་མི་འདུག་ཟེར། སྐད་ཆ་དེ་བདེན་པ་ཡིན་ན། ང་ཚོའི་མི་རིགས་དང༌། རྒྱ་ནག་གི་མི་རིགས་དབར་གྱི་ཀླད་རུས་ནི་གནམ་སའི་ཁྱད་པར་ཤོར་མི་འདུག་གམ། དྲང་པོར་བཤད་ན། ང་ཚོའི་མི་རིགས་འདི་ནི་ལོ་ངོ་སྟོང་ཕྲག་དུ་མར་སྡོད་སའི་ས་གནས་ཁག་འགའ་ཤས་སར་ དེང་སང་རང་རང་སོ་སོའི་ཕ་སྐད་རྩ་མེད་ལ་འགྲོ་གི་མི་འདུག་གམ། སྔོན་ལས་བློ་ཕམ་པའི་གནས་ཚུལ་རང་རེད། གླིང་སྒྲུང་ནང༌། མི་དང་མི་མི་འདྲ། མི་དང་མི་འདྲ་ན། གེ་སར་སུ་ལ་བཏགས། རྟ་དང་རྟ་མི་འདྲ། རྟ་དང་རྟ་འདྲ་ན། རྐྱང་ཁྱུང་གང་ལ་བཏགས། ཞེས་པའི་ཁ་དཔེ་དེ་ཉིད་མིའི་ཁྱད་པར་འདི་འདྲ་ཞིག་ལ་དཔག་སྟེ་ཟེར་བ་ལོས་ཡིན་ སྙམ་པའི་ངེས་ཤེས་རྙེད་འོང་གི་འདུག ༢ རྒྱ་གར་ལ་ཆ་མཚོན་ནའང་མངའ་སྡེ་ཆེ་ཆུང་སུམ་ཅུ་མ་ཟིན་ཙམ་ཡོད་པའི་མང་གཙོའི་ རྒྱལ་ཁབ་ཆེ་ཤོས་ཤིག་ཡིན། སྤྱི་བཏང་རྒྱ་གར་རྒྱལ་ཡོངས་ལ་ཁྱབ་ཐུབ་པའི་དབྱིན་ཇིའི་སྐད་ཡིག་ཙམ་ལས་མེད་པ་ ལྟ་བུ་རེད། འོན་ཀྱང༌། མངའ་སྡེ་ཁག་གི་སྐད་ཡིག་ནི་རང་རང་སོ་སོས་རང་གི་ཚེ་སྲོག་ལྟར་རྩ་ཆེན་ཞིག་ལ་ རྩི་བཞིན་གཅེས་འཛིན་བྱེད་སྲོལ་ཡོད། དཔེར་ན། ཀར་ན་ཀྲ་ཀའི་ Karnataka མངའ་སྡེའི་ནང་དུ་སློབ་ཚན་དང༌། ཆོས་དང་རིག་གཞུང༌། འཚོ་བ་དངོས་དང་འབྲེལ་བའི་ལས་རིམ་སོགས་གང་ཞིག་ཡིན་རུང་ཚང་མ་ཀར་ན་ཀྲ་ཀ་རང་ ཉིད་ཀྱི་སྐད་ཡིག་ཐོག་ནས་ཤེས་ཡོན་བྱང་ཆུབ་པར་བསླབ་སྦྱོང་བྱེད་ལ། དེ་བཞིན་ཏ་མིལ་ན་དྷུ་ Tamil Nadu དང༌། ཀེ་ར་ལ་ Kerala ལྟ་བུ་མངའ་སྡེ་ཆུང་ཆུང་རེ་ལས་མེད་ཀྱང༌། སློབ་གྲྭའི་ཤེས་ཡོན་སྦྱོང་གཞི་སོགས་ཚང་མ་མངའ་སྡེ་རང་རང་སོ་སོའི་སྐད་ཡིག་ནང་ དུ་མཐའ་གཅིག་ཏུ་བྱེད་བཞིན་པ་དངོས་མཐོང་ལག་ཟིན་ཡིན་པས་ཡིད་སྨོན་སྐྱེད་འོས་པ་ ཞིག་རེད།
མི་རིགས་དང་རྒྱལ་ཁབ་གཞན་པས་རང་རང་སོ་སོའི་སྐད་ཡིག་ལ་རྩ་ཆེན་ཇི་ ལྟར་འཛིན་གྱི་ཡོད་པ་དངོས་སུ་མཐོང་གསལ་བཞིན། འཛམ་གླིང་གི་མཐོ་སྒང་ན་གནས་པའི་ང་ཚོའི་མི་རིགས་ཀྱིས་ཀྱང་རྒྱལ་ཁབ་དང༌། མི་རིགས་གཞན་པ་ལ་དཔེ་བལྟས་ཏེ་ང་ཚོའི་སྐད་ཡིག་འདི་ལ་རྩ་ཆེན་དུ་འཛིན་བཞིན་ སྲུང་སྐྱོབ་བྱ་ལོས་དགོས།
གོ་ཐོས་ལ། ཕྱི་རྒྱལ་བ་མཁས་དབང་ཞིག་གིས། ཉམས་ཞིབ་རྒྱུད་འཛམ་གླིང་ནང་ཉིན་རེར་སྐད་ཡིག་གི་བརྒྱ་ཆ་ངེས་ཅན་རེ་རྩ་མེད་ལ་ འགྲོ་བཞིན་ཡོད་ཅེས་བསྡོམས་ཚིག་ཐུང་ཐུང་ཞིག་བརྒྱབ་ཡོད་ཟེར། ཁོ་བོས་ཐོག་མར་དེ་ལྟར་ཐོས་དུས་ཚོར་སྣང་ཅང་མ་བྱུང་ཡང༌། དེང་སང་བསྡོམས་ཚིག་དེར་དད་མོས་སྐྱེ་བཞིན་ངེས་ཤེས་ཟབ་ཏུ་ཟབ་ཏུ་དང༌། སེམས་འཚབ་ཆེ་རུ་ཆེ་རུ་གཏོང་ཡོང་གི་འདུག རྒྱུ་མཚན་ནི། རང་ཉིད་ཧི་མ་ལ་ཡི་ཕྱོགས་སུ་འགྲོ་བཞིན་ལྟ་དུས་ང་ཚོའི་སྐད་ཡིག་ཉམས་ཆག་ཕྱིན་པ་ ཙམ་དུ་མ་ཡིན་པར། དེང་སང་ཧི་མ་ལ་ཡི་ས་གནས་མང་པོར་ང་ཚོའི་སྐད་ཡིག་ཕལ་ཆེར་བཞུད་ལ་ཉེ་བའི་ལ་ རྩེའི་ཉི་ཟེར་ལྟར་བོར་རླག་ཏུ་སོང་ཚར་འདུག་པ་དངོས་མཐོང་ལག་ཟིན་བྱུང་བ་འདི་ ཡིས་རེད།
ངེས་པར་དུ། ང་ཚོས་གཞན་གྱི་སྐད་ཡིག་མང་པོ་ཤེས་ལོས་དགོས། འོན་ཀྱང༌། རང་ཉིད་ཀྱི་ཕ་སྐད་ཨང་དང་པོ་ལ་བཟུང་སྟེ་ནམ་ཡང་བརྗེད་མི་རུང་བ་ཡིན། གཞན་སྐད་སྦྱང་དོན་ནི་རང་གི་ཕ་སྐད་ཡར་རྒྱས་འགྲོ་བའི་རམ་འདེགས་ཀྱི་ཚུལ་དུ་ སྦྱང་དགོས་པ་ལས། རང་སྐད་བོར་ནས་གཞན་སྐད་སྦྱང་བ་ནི་གླེན་ལྐུགས་ཀྱི་བྱ་སྤྱོད་རང་རེད། མི་ལ་ལས། སྐད་ཡིག་གཞན་ཞིག་ཤེས་ན་མཁས་རློམ་དུ་བཟུང་སྟེ། རང་གི་ཕ་སྐད་བོར་གྱི་འདུག མི་དེ་འདྲ་ནི་མི་ཐ་ཤལ་བ་ཞིག་ཡིན་གྱི་རེད། ངས་སྔོན་མ་སློབ་ཚོགས་ཤིག་ལ་འདི་ལྟར་བཤད་མྱོང་ཡོད། ཕ་སྐད་མི་ཤེས་གཞན་གྱི་སྐད་ཡིག་དང༌། །རིག་གཞུང་སོགས་ལ་ཇི་ཙམ་མཁས་གྱུར་ཀྱང༌། །སྣ་མེད་པ་ལ་གསེར་སྣ་བཟོས་པ་ལྟར། །རྒྱན་དུ་མི་འགྱུར་མཚང་དུ་འགྱུར་བ་ཡིན། །ཞེས་པ་འདི་རེད། ང་དཔེ་སྟོན་སློབ་གྲྭའི་ནང་དུ་སོང་ཉིན། གྱང་ངོས་ཤིག་ལ། སྐད་ཡིག་མང་པོ་ཤེས་ན་བཟང་མོད་ཀྱང༌། །རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན། །ཞེས་པ་ལྟ་བུ་ཞིག་བྲིས་པ་མཐོང༌། དེ་ནི་ངའི་སེམས་སུ་ཧ་ཅང་གིས་འཚམ་པོ་ཞིག་བྱུང༌།
མདོར་ན། ང་ཚོ་མི་རིགས་ཀྱི་སྐད་ཡིག་འདི་ཉིད་སྲུང་སྐྱོབ་བྱ་ཐབས་ལ་དངོས་སུ་ལག་ལེན་ གྱིས་འགུལ་དགོས། ཐབས་ཤེས་བཟང་ཤོས་ནི། དུས་རྒྱུན་ང་ཚོ་མི་རིགས་ནང་ཁུལ་ལ་ངེས་པར་དུ་ང་ཚོའི་སྐད་ཡིག་ཐོག་ནས་སྐད་ཆ་ བཤད་དགོས་པ་དང༌། ང་ཚོ་ནང་ཕན་ཚུན་དང༌། རང་གི་ཡུལ་ལུང་ནང་དུ་ཚོར་བ་དངོས་དང་འབྲེལ་བའི་ལས་སྒོ་ཁག་ལ་ང་ཚོའི་ཡི་གེ་ བཀོལ་སྤྱོད་བྱ་རྒྱུ་དེ་གཉིས་གལ་གནད་ཆེ་ཤོས་ཡིན་འདུག་པས། ང་ཚོ་སྤུན་ཟླ་རྣམས་པས་རྟག་ཏུ་ང་རང་ཚོའི་སྐད་ཡིག་རྩ་ཆེན་དུ་འཛིན་བཞིན་བཀོལ་ སྤྱོད་ཡང་དག་པ་གཏོང་དགོས་ལ། ཡུལ་སོ་སོས་རང་གི་སྐད་ཡིག་ཡང་དག་པར་བེད་སྤྱོད་གཏོང་ཆེད་ཡུལ་ཁྲིམས་ཀྱང་བཟོ་ ན་དགའ། གཞན་ཡང༌། དཔལ་འབྱོར་ཡོད་མཁན་ཚོས་དཔལ་འབྱོར་དང༌། ཤེས་ཡོན་དང་ལྷག་བསམ་ཡོད་མཁན་ཚོས་ཤེས་ཡོན་དང་ལྷག་བསམ། དབང་ཆ་ཡོད་མཁན་ཚོས་དབང་ཆ་བཅས་བེད་སྤྱད་དེ། གོ་སྐབས་བཟང་དུས་ང་ཚོ་མི་རིགས་ཀྱི་སྐད་ཡིག་སོགས་རིག་གཞུང་ཡར་རྒྱས་གཏོང་ཐབས་ ལ་དངོས་སུ་ལག་བསྟར་གྱིས་ལས་འགུལ་སྤེལ་དགོས།
གསུམ་པ། ཆོས་ལུགས།
ང་ལྟ་ བུས། སྤྱིར་ཆོས་ལུགས་ལ་ཡག་བཙོག་བཤད་མི་ཤེས་ཀྱང༌། ཁམས་དང་མོས་པ་ལ་འཚམ་པའི་མི་རིགས་སོ་སོས་ཕལ་ཆེར་ཆོས་ལུགས་རེ་ལ་དད་མོས་བྱེད་ སྲོལ་བྱུང་ཡོད། དེས་ན། ང་ཚོའི་མི་རིགས་མང་ཆེ་བས་དད་མོས་བྱེད་ས་ནི་དུས་རབས་བདུན་པའི་ནང་དུ་སྲོང་ བཙན་སྒམ་པོས་དགོངས་པ་དཀྱེལ་ཡངས་དང༌། དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་དེ་འཕགས་ཡུལ་ནས་ནང་འདྲེན་མཛད་པའི་ནང་པ་སངས་རྒྱས་ པའི་ཆོས་ལུགས་ཡིན།
གང་ལྟར། ང་ཚོ་མི་རིགས་ཀྱིས་འཇོན་ན་ཆོས་ལུགས་ལ་སྦྱང་བརྩོན་དང༌། འཆད་རྩོད། ཉམས་ལེན་ཅི་ཞིག་བྱ་འདོད་ན་ཆོས་ལུགས་ཀྱིས་མི་འཇོན་པ་སྣེ་གཅིག་ཀྱང་མེད་པ་ཞིག་ ཡིན་ཐལ། དེས་ན། ང་ཚོའི་མི་རིགས་འདི་ཉིད་ཕ་མེས་ཡང་མེས་ནས་བརྒྱུད་པའི་ནང་ཆོས་ལས་ཆོས་ལུགས་ གཞན་པ་ལ་ནམ་ཡང་མི་འགྱུར་བའི་ཚུགས་ཀ་བརྟན་པོ་འཛིན་དགོས་ལ། ང་ཚོ་མི་རེ་ངོ་རེ་ནས་ནང་ཆོས་ལ་དད་མོས་ཆེན་པོའི་ངང་ནས་གཅེས་སྲུང་ཡང་དག་པར་ བྱ་དགོས།
བཞི་པ། ཆས་གོས།
སྤྱིར་བཏང༌། མི་སུ་འདྲ་ཞིག་གིས་ཆས་གོས་གང་འདྲ་ཞིག་གྱོན་ནའང་ཁྱད་པར་ཅང་མེད་པ་ལྟ་བུ་ཞིག་ རེད། འོན་ཀྱང༌། འཛམ་གླིང་ནང་ཆས་གོས་མི་འདྲ་བ་དེ་དག་ལ་ཞིབ་ཏུ་བལྟས་ན། མི་རིགས་དང་ཆོས་ལུགས་སོ་སོར་བ་མཚོན་ནུས་པའི་ཁྱད་ཆོས་རེ་ཡོད་ཐལ། དཔེར་ན། གྲྭ་ཆས་ལྟ་བུ་ལ་མཚོན་ན། གྲྭ་པས་གྲྭ་ཆས་གྱོན་རྗེས་ཚུལ་འཆལ་གྱི་ཀུན་སྤྱོད་ངན་པ་མང་པོ་ཞིག་རང་བཞིན་ གྱིས་བཀག་སྡོམ་ལ་བུད་འགྲོ་བ་དང༌། དམག་ཆས་ཞིག་གྱོན་དུས་རང་བཞིན་གྱིས་མེ་མདའ་འཕེན་སྟངས་དང༌། མི་གསོད་པའི་སྣང་བ་ཡིད་ལ་ལྷང་ངེ་བ་ཞིག་ཤར་ཡོང༌། དེ་ཡང༌། ཆས་གོས་དེ་དག་ལ་ཐོག་མ་ཉིད་ནས་ཀུན་སློང་དེ་ལྟར་འཆར་སྟངས་ཤིག་རང་ངོས་ནས་གྲུབ་ སོང་བ་མ་ཡིན་ནའང༌། དགོས་མཁོའི་ཆེད་དུ་གང་ཟག་གིས་ཆས་གོས་རེ་ལ་ཀུན་སློང་སྣ་ཚོགས་ཤིག་བཏགས་ནས་ རྗེས་སུ་ཆས་གོས་དེ་ཉིད་གྱོན་ཚེ། གྱོན་པ་པོ་སོགས་ཚང་མའི་སེམས་སུ་ཆས་གོས་སོ་སོ་དང་འབྲེལ་བའི་ཚོར་སྣང་མི་འདྲ་ བ་དང༌། ཚོར་སྣང་མི་འདྲ་བ་ལ་བརྟེན་ནས་བྱ་སྤྱོད་ཀྱང་མི་འདྲ་བ་རེ་བརྩམ་སྲོལ་འབྱུང་གི་ ཡོད་པ་ཤེས་གསལ་རེད། དེས་ན། མི་རིགས་གཞན་པའི་ཆས་གོས་དང་ང་ཚོའི་བསམ་བློ་གཉིས་མི་མཐུན་ལ། ང་ཚོའི་ཆས་གོས་དང་ཆོས་ལུགས་གཞན་པའི་ཀུན་སྤྱོད་དང་ཡང་མི་འདྲ་བ་ཡིན། ང་ཚོ་ནི་དུས་རྟག་ཏུ་ང་ཚོའི་རིག་གཞུང་དང་མཐུན་པའི་ཆས་གོས་གྱོན་དགོས་ལ། ང་ཚོ་ནི་དུས་རྟག་ཏུ་ནང་པ་སངས་རྒྱས་པའི་ཆོས་ལུགས་དང་མཐུན་པའི་ཆས་གོས་གྱོན་ དགོས། གལ་ཏེ་ང་ཚོའི་མི་རིགས་ཀྱིས་མི་རིགས་གཞན་པའི་ཆས་གོས་གྱོན་ཡོང་དུས། ང་ཚོའི་མི་རིགས་ལ་མི་རིགས་གཞན་པའི་བསམ་བློའི་ཤན་ཞུགས་བཙན་འཛུལ་བྱེད་ཀྱི་ ཡོད་པའི་མངོན་རྟགས་ཡིན་ལ། གལ་ཏེ་ང་ཚོའི་མི་རིགས་ཀྱིས་མི་རིགས་གཞན་པའི་ཆས་གོས་གྱོན་ཡོང་དུས། ཆོས་ལུགས་གཞན་པའི་ཀུན་སློང་བཙན་འཛུལ་བྱེད་ཀྱི་ཡོད་པའི་རྟགས་ཚན་ངན་པ་ཞིག་ ཀྱང་ཡིན་སྲིད།
མདོར་ན། ང་ཚོའི་ཆས་གོས་ནི་མི་ལོ་སྟོང་ཕྲག་ནས་བརྒྱུད་ཡོང་བའི་སྣམ་བུའི་ལྭ་བ་སྟེ། སྐེ་རགས་འཕྲེད་ནས་བཅིགས་སྲོལ་ཡོད་པའི་གདོང་དམར་ཁ་བ་ཅན་གྱི་ཆས་གོས་འདི་ཉིད་ ཡིན། ང་ཚོ་ཁ་བ་ཅན་གྱི་ཆས་གོས་ནང་དུ་ང་ཚོ་མི་རིགས་ཀྱི་རྣམ་ཤེས་རུམ་ཡོད་ལ། ང་ཚོ་ཁ་བ་ཅན་གྱི་ཆས་གོས་ལ་ང་ཚོའི་མི་རིགས་ཀྱི་བླ་སྲོག་ཀྱང་གནས་ཡོད། ད་དུང་ང་ཚོ་ཁ་བ་ཅན་གྱི་ཆས་གོས་ལ་ནང་པ་སངས་རྒྱས་པའི་ཆོས་ཀྱི་བྱིན་རླབས་ཀྱང་ ཐིམ་ཡོད། དེས་ན། ལྟ་ན་སྡུག་པའི་ང་ཚོ་མི་རིགས་ཀྱི་ཆས་གོས་དྲོན་མོའི་ནང་དུ་མི་རིགས་གཞན་གྱི་ ཆས་གོས་བཙན་འཛུལ་བྱེད་དུ་བཅུག་མི་རུང་ལ། ང་ཚོའི་མི་རིགས་ཀྱི་ཆས་གོས་ནང་དུ་ཆོས་ལུགས་གཞན་པའི་ཆས་གོས་དེ་བས་ཀྱང་བཙན་ འཛུལ་བྱེད་དུ་བཅུག་མི་རུང༌། སྤུན་ཟླ་ཚོ། ཡིད་གཟབ་དགོས།!!! གོ་ཨེ་སོང༌།།
ཨོ་ ཧོ། ད་ང་སུ་རེད་འདུག་གམ། མི་རིགས་དང༌། སྐད་ཡིག ཆོས་ལུགས། ད་དུང་ཆས་གོས། ད་ང་སུ་ཡིན་པ་གཞི་ནས་ཤེས་སོང༌། ངའི་མི་རིགས་ནི་མིའུ་གདུང་དྲུག་ནས་བརྒྱུད་པའི་གདོང་དམར་བ་ཡིན་ལ། ངའི་སྐད་ཡིག་ནི་ཕ་མེས་ཡང་མེས་ནས་བརྒྱུད་ཡོང་བའི་བྷོ་ཊི་སྐད་ཡིག་ཡིན། ངའི་ཆོས་ལུགས་ནི་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་ཡིན་ལ། ངའི་ཆས་གོས་ནི་ཁ་བའི་སྣམ་བུ་ཡིན། ད་ང་སུ་ཡིན་པ་ཤེས་སོང༌། ད་ང་འཐོམ་སད་སོང༌།
ང་ ཚོའི་མི་རིགས་ཀྱི་སྐད་ཡིག་དང༌། ཆོས་ལུགས། ཆས་གོས་སོགས་གང་གི་ཐད་ནས་གཞན་ལ་འགྲམ་ཆུ་ལྡང་མི་དགོས་པའི་རིག་གཞུང་བཟང་པོ་ ཞིག་ཡོད་ཐལ། ད་ནས་བཟུང་ང་ཚོའི་མི་རིགས་འདི་འཐོམ་སད་ཅིང་ང་ཚོའི་མི་རིགས་འདི་འཛམ་གླིང་ནང་ མི་རིགས་ཆེས་རྩེ་ཕུད་ཅིག་ལ་བསྒྱུར་ཐབས་བྱེད་པའི་དམ་བཅའ་ངེས་པར་དུ་བཞག་དགོས་ སོང༌།།
བཀྲ་ཤིས་བདེ་ལེགས།

No comments:

Post a Comment