Tuesday, December 28, 2010

བོད་ཀྱི་སྐད་ཡིག་ལ་བཅངས་པའི་བརྩེ་གདུང༌།

གཅིག
མེས་རྒྱལ་ཆེན་མོས་རྒྱལ་གཅེས་ཀྱི་མགོ་སྐོར་དང་དཔལ་འབྱོར་གྱིས་བསླུ་བྲིད་འོག་ཁོ་མོ་གཞོན་ནུ་མ་མེ་ཏོག་ལྟར་བསྐལ་བཟང་གི་ནམ་ཟླ་རབ་རིབ་རྨོངས་པའི་ཟང་ཟིང་གི་ཀློང་ནས་ནམ་མཁའི་འཇའ་བཞིན་ཕ་མཐར་ཡལ་ཟིན། རང་ཉིད་ལ་འདོད་མོས་མེད་བཞིན་དུ་ཁྱེད་དང་ཡུན་རིང་མ་ཤི་གསོན་བྲལ་བྱེད་དགོས་སུ་གྱུར་པ་ནི་ངའི་ཚེ་སྲོག་གི་གོད་ཆག་ཚབ་ཆེན་ཞིག་ཕོག་ཅིང༌། ཁྱེད་དང་ཡུན་རིང་ཁ་བྲལ་དུ་གྱུར་དགོས་པའི་འདས་ཟིན་གྱི་ལོ་ཟླ་སྐྱུར་མོ་དེར་ཕྱི་དྲན་ཐེངས་རེ་རེས་ཁོ་མོའི་སྙིང་ཁོངས་སུ་བཟོད་མི་ཐུབ་པའི་འགྱོད་གདུང་གི་རྦ་རླབས་ཆད་མེད་དྲག་ཏུ་འཕྱོ་བཞིན་མཆིས།
ས་མཐའ་ན། སྙིང་ཉེ་ཁྱེད་དང་སླར་ཡང་ཐུག་ཕྲད་ལན་གཅིག་བྱུང་བ་འདི་ནི་ཡུལ་གྱར་འཁྱམ་མོ་བདག་གི་ཚེ་སྲོག་ལ་དོན་སྙིང་ལྡན་པའི་གསོན་ཤུགས་ཐེངས་ཤིག་སྦྱིན་པ་དང་གཉིས་སུ་མ་མཆིས་ཤིང༌། ཁྱེད་དང་སླར་ཡང་འཕྲད་པའི་ཉིན་མོ་དེ་ནས་བཟུང་སྟེ་བདག་གི་བསོད་ནམས་ལྡན་པའི་ལུས་སེམས་གཉིས་པོ་རླན་གཤེར་འཕྲད་པའི་ས་བོན་ཇི་བཞིན་རྒྱས་བཞིན། ཆེས་ཕྲ་བའི་ཚེ་སྲོག་ནི་གསེར་མདོག་འོད་སྟོང་གི་ཟེར་བརྒྱ་རབ་ཏུ་འབར་བས། ཁྱེད་ཉིད་དྭངས་གཙང་གི་བྱམས་བརྩེ་དང་ཕུགས་རྒྱང་རིང་བའི་གཅེས་སེམས་ལ་བསམ་བཞིན་ངོས་ཀྱི་སྙིང་གི་ཟབ་ས་ནས་ལྷད་མེད་བརྩེ་གདུང་གི་འཛུམ་མདངས་རྟག་ཏུ་ཁྱེད་ཀྱི་ཕྱོགས་སུ་ངོམ་ནས་ཡོད། ཁྱོད་དང་ཕྲད་པའི་སྟོབས་ཀྱིས་བཙན་པོ་ལྕགས་སྒྲོག་གིས་དམ་དུ་བསྡམས་མྱོང་བའི་ཕྲན་ཆུང་མའི་གཟུགས་ཕུང་ལ་སླར་ཡང་བླ་སྲོག་གི་ངར་ཆུ་གསར་པ་ཞིག་ཞུགས་ཤིང༌། དེ་ནས་བཟུང་སྟེ་རང་ཉིད་གདོང་དམར་བའི་མི་གཟུགས་དངོས་སུ་གྲུབ་ཏེ། ད་ཆ་རང་ཉིད་ཁ་བའི་འདབ་མ་ངོ་མ་ཞིག་ཡིན་ལ། སེམས་ཁོངས་སུ་དེ་བཞིན་སྤྲོ་བས་ཀྱང་ཁེངས་ནས་ཡོད།
གཉིས།
རྒྱུ་རྐྱེན་དུ་མར་བརྟེན་ནས་ང་དང་རིགས་མཐུན་ཚོ་རྨོངས་པས་ཡིད་སེམས་བསྒྲིབས་ཏེ། ཁྱེད་ཀྱི་སེམས་ངོགས་སུ་སྡུག་བསྔལ་ཚད་མེད་ཅིག་བཟོས་ཡོད་པ་ནི་ངའི་མི་ཚེ་ནང་གསུབ་ཐབས་བྲལ་བའི་ནག་ཉེས་ཤིག་ཡིན་ཞིང༌། དེང་འདིར་རིགས་མཐུན་གྱི་སྤུན་མཆེད་མང་པོ་རྨོངས་གཉིད་ཀྱིས་སྒྲིབ་པ་ལས་ཡོངས་སུ་སད་ནས་ཁྱེད་ལ་གཅེས་སྐྱོང་དང་གཙང་སེལ་བྱི་དོར་བྱེད་བཞིན་པའི་དུས་ཚིགས་འདི་ཉིད་ལའང༌། སྐྱེ་བོ་མི་ཉུང་བ་ཞིག་གིས་སྙིང་དོན་ཡིད་པ་དྲན་བཞིན་དུ་ཁྱེད་ལ་མུ་མཐུད་ཐོང་ཆུང་དང་དམའ་འབེབས་ཀྱི་དམོད་ཚིག་སྒྲོག་ཅིང༌། ཁྱེད་ཉིད་ཡུན་རིང་གསོན་ཞིང་འཚོ་བའི་སེམས་ཁམས་ལ་རྡོག་རུལ་དུ་གཏོང་བ་མཐོང་དུས་ཁོ་མོ་སྐྱོ་ངལ་གྱི་མཆི་མ་འགོག་ཐབས་བྲལ་ཞིང་སེམས་ཁོང་གི་དཀའ་སྡུག་རི་བོའི་ལྟོས་ལས་ཀྱང་ཤིན་ཏུ་ལྕི། ཁ་བའི་བླ་སྲོག་བོར་ཟིན་ལ་གངས་ཅན་པའི་རྣམ་ཤེས་ཀྱང་འཁྱམས་ཚར་བའི་ཀེང་རུས་ཀྱི་ཁྱུ་ཚོགས་མང་པོས་དཔུང་ཤུགས་སྒྲིལ་ཏེ་ཀྲཱང་ཟླ་བ་དང༌། ལཱིང་ཉི་མ། དེ་བཞིན་ཝཱང་པ་སངས་སོགས་ཀྱི་སྲིན་གཟུགས་ནར་མར་གྱུར་ནས་ཁྱེད་ལ་ཕ་མྱེས་བསད་པའི་དགྲ་བོ་ལྟར་ངར་ཤུགས་ཆེན་པོས་ཁ་གཏད་དུ་ལང་བཞིན་པ་ནི་གང་འདྲའི་ཡིད་ཕམ་པའི་སྐྱོ་གར་གསོན་པོ་ཞིག་རེད་ཨང༌། འོན་ཀྱང་དེ་དག་ཚང་མ་ཁོ་ཚོ་གཅིག་པུའི་ནག་ཉེས་ལྟ་བུ་ཞིག་ཏུ་བགྲང་ག་ལ་རུང༌། གང་ལགས་ཤེ་ན། ཁོ་ཚོའི་རྒྱབ་ལྗོངས་སུ་མདུང་རྩེ་ཐོགས་པའི་དྲག་པོས་བསྐུལ་འདེད་ཡོད་ལ། དབང་ཤུགས་ཀྱིས་འཕོངས་ཚོས་ནས་སྟེགས་པའི་བཙན་པོས་སྣེ་ཤན་ཡང་ཡོད་པས་ཡིན། ཡིན་ན་ཡང༌། བླ་སྲོག་བོར་ཚར་བའི་གཟུགས་ཕུང་དེ་དག་གིས་ད་དུང་ང་ལ་བསླུ་བྲིད་ཀྱི་ཞགས་པ་ཞིག་གཡོག་རྩིས་ཀྱིས་ཁོ་ཚོས་འུར་དང་བཅས་ཏེ་སྐད་ངག་བཀྲོལ་དོན་ལ། ཕ་བཟང་གི་བུ་མོ་ཁྱེད་ཉིད་ཕྱི་ལུགས་སྟག་འདྲ་བ་ཞིག་དང་འགྲོག་འབྲེལ་གྱིས་དང༌། དེར་ཁེ་བཟང་དང་ལོངས་སྤྱོད་རི་བོའི་ལྟོས་ལས་ཀྱང་ཆེ་བ་ཞིག་ཡོང་ངེས་རེད་ཅེས་ཟེར་ཞོར། ཁོ་ཚོ་སྐྱུག་བྲོ་བའི་བསླུ་བྲིད་ཀྱི་བཅོས་མའི་འཛུམ་མདངས་དང་གཡོ་སྒྱུའི་ངོ་གདོང་གདོན་གཟུགས་གསལ་ལེར་མངོན་དུས། རང་གི་སེམས་གཏིང་ནས་ཁོ་ཚོར་ཞེ་མེར་ཞིང་སྐྱུག་གྲབས་འདུག ཁོ་ཚོ་གཡོ་རྫུན་གྱི་བྱ་གཞག་དུ་མ་རྩོམ་བཞིན་པ་ཡིན་ཡང༌། ཁོ་མོ་གངས་ཕྲུག་མའི་ངོ་གདོང་ནམ་ཡང་གཞན་དུ་བསྒྱུར་འདོད་མེད་ལ། ངས་ཁྱེད་ལ་བཅངས་པའི་བརྩེ་གདུང་ལ་འགྱུར་བ་དེ་བས་གཏོང་འདོད་མེད། ད་དུང་ངས་ཁྱེད་ལ་རྟག་ཏུ་བརྩེ་སེམས་དང་ཡིད་ཆེས་སྲ་བརྟན་གྱི་རྨང་གཞི་གདིང་པའི་ཐོག འུ་གཉིས་ཡ་མ་བྲལ་བར་ཡུན་རིང་རྒྱུན་གནས་གསེར་གྱི་རྒྱལ་མཚན་ལྷང་ངེར་བརྟན་དུ་འགྱིང་པའི་སླད་དུ་ཕུགས་བསམ་གྱི་ཁང་བཟང་ཞིག་བསྐྲུན་འདོད་ཆེ། དེ་ཡང་ཡིན་ཏེ། འུ་གཉིས་ཀྱི་དབར་ན་ཚེ་རབས་དུ་མས་བསགས་པའི་ལས་དབང་གིས་དམ་དུ་སྒྲིལ་ཡོད་པས་སུ་ཞིག་གིས་ཀྱང་འུ་གཉིས་ཁ་ཕྲལ་གཏོང་ཐུབ་ཐབས་བྲལ་བ་ཡིན། ཁོ་མོ་སྐྲ་སེ་སྤྲེའུའི་རིགས་ཀྱིས་གོ་ལ་ཧྲིལ་པོ་འདི་ཉིད་སྐད་ཅིག་ཉིད་དུ་ཐལ་བའི་རྡུལ་ཕྲན་ཇི་བཞིན་བརླག་འདོད་ཡོད་པའི་དེང་དུས་ཤེས་ཡོན་ཡར་ཐོན་དང༌། དེའི་གཏུམ་དྲག་གི་འཇོན་ཐང་ལ་སྨོན་སེམས་ནམ་ཡང་ཤོར་མྱོང་མེད་ལ། རྒྱུ་ནོར་དཔལ་འབྱོར་གྱི་འཕེལ་ཚད་མྱུར་བའི་མེས་རྒྱལ་ཆེན་མོའི་གཡོ་རྫུན་གྱི་བསླུ་བྲིད་དང་འུར་སྒྲོག་གི་མགོ་བསྐོར་ལའང་དཔའ་ཞུམ་ཞུམ་བྱེད་འདོད་དེ་བས་ཀྱང་མེད། དེས་ན་ཁོ་མོའི་སེམས་ཚོར་གྱི་གདུང་བ་ཅི་འདྲ་ཞིག་དྲག་ཏུ་ཁོལ་གྱི་ཡོད་མེད་ཁྱེད་ཀྱིས་གསལ་པོ་རྟོགས་ཡོད་པ་ཐེ་ཚོམ་མེད་པས། ཁྱེད་ཀྱི་སེམས་ཁོང་ན་ངེས་པར་དུ་ཆུད་དགོས་པའི་སྙིང་དོན་ནི་ཁོ་མོའི་སྙིང་གི་འབོད་སྒྲ་འདི་ལྟར་ཁོ་ན་སྟེ། ང་ཁྱེད་ལ་དགའ་ཞིང་ཁྱེད་ལ་དུངས་ཞེས་པ་དེ་ཡིན།
གསུམ།
ད་ཆ་ངས་ཁྱེད་ཀྱི་ལུས་སེམས་གཉིས་ཀྱི་ཕྱི་ནང་གསང་གསུམ་ལ་མནར་གཅོད་ཕོག་ཡོད་པ་ཤེས་ཡོད་ལ། ཁྱེད་ཀྱི་སྙིང་པོར་ཆག་ཧྲུལ་གྱི་རྨས་སྐྱོན་ཐེབས་ཡོད་པའང་རྟོགས། ངས་འགྱོད་གདུང་གི་མཆི་མ་འཐོར་བཞིན། རང་གི་དུངས་བས་ཁྱེད་ཀྱི་ལུས་གཟུགས་ལྷུ་ལག་སྒྲིག་བཞིན་ཁྱེད་ཀྱི་ལུས་སེམས་གཉིས་ལ་གཅེས་སྐྱོང་དང་སླར་གསོ་བྱེད་སྙིང་འདོད། ནན་བརྟན་གྱིས་འདི་ནས་རང་ཉིད་མ་འོངས་སེམས་ཀྱི་རྒྱབ་བརྟེན་ཡོད་ཚད་ཁྱེད་ཉིད་ཁོ་ནར་བཅོལ་ཞེས་བརྗོད་ཅིང་དགོས་དོན་ནི། ཁྱེད་ལ་གངས་ཅན་པའི་དཔའ་ངར་དང་ལྡན་ཡོད་ལ། ཁྱེད་ལ་གདོང་དམར་བའི་སྙིང་སྟོབས་དང་ལྡན་ཡོད། ཁྱེད་ནི་བྱམས་སེམས་གཞན་ཕན་གྱི་སྲོག་ཤིང་དུ་གྱུར་ཡོད་ལ། ཁྱེད་ནི་ཆེས་ཆེར་འཕགས་པའི་ཁ་བའི་རིག་གཞུང་དང་ལྷན་དུ་འདྲེས་ཡོད། ཁྱེད་ནི་རིགས་མཐུན་སྤུན་ཟླ་ཚོའི་རྣམ་ཤེས་གསོན་པོ་ཞིག་ཡིན་ལ། ཁྱེད་ནི་ཁ་བ་རི་པའི་མེད་ཐབས་བྲལ་བའི་མཚོན་དོན་གྱི་ཁྱེད་ནོར་ཞིག་ཀྱང་ཡིན་པས་རེད། མདོར་ན་ངས་བྱམས་པ་དང་བརྩེ་བ། ལྷག་བསམ་དང་སྙིང་སྟོབས་ཡོད་ཚད་ཀུན་ནས་བསླངས་ཏེ་ཁྱེད་ལ་ཕུལ་བའི་སླད་མེད་ཀྱི་བརྩེ་གདུང་དང་འབྲེལ་ནས། ད་དུང་འཇིག་རྟེན་འདིའི་སྒང་འུ་ཚང་གི་གནས་གཞི་བརྟན་པོ་ཞིག་གཟུག་དགོས་པའི་ཆེད་དུ། ཁྱེད་ཀྱིས་རྣམ་རིག་ཡོངས་སུ་བསྒྲིམ་ནས་གངས་ཅན་པའི་རྣམ་ཐར་མུ་མཐུད་བགྲང་དགོས་ལ་ཁ་བའི་བླ་སྲོག་མུ་མཐུད་འཛིན་དགོས། མ་འོངས་མདུན་བསྙེག་གི་ལམ་དུ་འུ་ཚང་ལ་ད་དུང་དཀའ་ཚེགས་ཀྱི་འགག་འཕྲང་འཕྲད་སྲིད་ཀྱང༌། ཁྱེད་ནི་ངའི་སེམས་དཀྱིལ་ན་ནུས་ཤུགས་ལྡན་པའི་གངས་ལྗོངས་ཀྱི་ཕོ་རྒོད་ཅིག་ཡིན་པས་ཁྱེད་ཀྱིས་ཁ་བ་རི་པའི་ངོ་བོ་ནམ་ཡང་མ་ཉམ་པར་གསོན་པོ་འཛིན་དགོས་པར་གཅེས། དཔའ་མ་ཞུམ། ཁྱོད་ནི་གངས་རིའི་ཕོ་རྒོད། འཁོར་བའི་གླིང་ཆེན་འཛད་མཐའ་མེད་ན། ངས་ཁྱེད་ལ་རྟག་ཏུ་སེམས་དུངས་དུངས་ཀྱིས་བསྟོད་པ་འབུལ་ཆོག་ལ། ངས་རྟག་ཏུ་ཁྱེད་ལ་དགའ་ལྷང་ལྷང་གིས་སྙིང་གཏམ་ཡང་མཆེད་ཆོག ངོས་ཀྱི་རོགས་ཟླ་ནི་ཁྱེད་ལས་མེད། བོད་ཀྱི་སྐད་ཡིག་ལགས། བརྟན་དུ་རྒྱལ་ལོ། །
བྲག་ཡག་གངས་ལྷ་མོས།

No comments:

Post a Comment