Tuesday, December 28, 2010

འཚོ་གོས་ཀྱི་ཞོར་དུ་རང་གི་སྐད་ཡིག་ལ་སྦྱང་བརྩོན།

མི་རིགས་ལ་བརྩེ་སེམས་ཡོད་ན། སྐད་ཡིག་ལ་གཅེས་སྤྲས་བྱ་དགོས།
མི་རིགས་སོ་སོའི་སྐད་ཡིག་ནི་མི་རིགས་དེ་དང་དེའི་བླ་སྲོག་ངོ་མ་དེ་ཡིན་གྱི་རེད། དེ་ལྟ་བུའི་བསམ་བློ་སེམས་ངོ་ལ་འཁྱེར་ནས་རང་ཉིད་དུས་རྒྱུན་མང་ཚོགས་ཀྱིས་སྤྱི་སེམས་ཇི་ཙམ་འཆང་གི་ཡོད་མེད་ལ་ཁྲོམ་གཞུང་ཁག་ཏུ་མང་ཚོགས་ཀྱི་བྱ་འགུལ་ལ་ལྟ་ཉུལ་བྱེད་ཀྱིན་ཚད་གཞི་འཇལ་དུ་འགྲོ་གི་ཡོད། བཞུགས་སྒར་ན་ཕྲེང་བ་ལྟར་གནས་པའི་མི་མང་གི་ཁྲོམ་གཞུང་དེ་རུ། མང་པོ་ཞིག་དོན་མེད་བཤད་ཡམས་ཁོ་ནས་དུས་འདའ་ཞིང་མི་ཚེ་སྟོང་ཟད་ལ་རྫོགས་སུ་བཅུག་གི་ཡོད་ཚོད་སྣང། ཡང་མང་པོ་ཞིག་ནི་མངོན་ཆུང་ལག་ལས་འདྲ་མིན་ལ་མགོ་བོ་འཁོར་བཞིན་རང་ཉིད་འཇོན་འདོག་གི་རྣམ་པ་སྟོན་སྡོད་པ་ཙམ་ལས། མི་རིགས་ཀྱི་སྤྱི་སེམས་ལ་འཆང་བཞིན་སྤྱི་དོན་ཞོར་ལས་ཆུང་ཆུང་ཙམ་ཡང་སྒྲུབ་མཁན་ཧ་ཅང་གི་ཉུང་ཉུང་ཞིག་ཡིན་ཚོད་ལ་ཚོར་བྱུང༌།
འོན་ཀྱང༌། ཨ་ལྕེ་བསོད་ནམས་ཆོས་འཛོམས་ལགས་ནི་གོང་བརྗོད་སྤྱི་ཚོགས་ཀྱི་མི་མང་དེ་དག་ལས་བསམ་སྤྱོད་ཡོངས་སུ་ལྡོག་སྟེ། རྟག་ཏུ་ཁོང་མོ་རང་ཉིད་མི་རིགས་ཀྱི་སྐད་ཡིག་ལ་སྦྱང་བརྩོན་ཤུགས་དྲག་ཅིག་གནང་བཞིན་པའི་ཚོར་སྣང་ཆེན་པོ་སྟེར་ཡོང་གི་འདུག དཔེར་ན། ངོས་ཁྲོམ་གཞུང་ལ་ཐེངས་མང་སོང་དུས། ཨ་ལྕེ་བསོད་ནམས་ཆོས་འཛོམས་ལགས་ནི་སོ་སོའི་ཅ་དངོས་ཉོ་མཁན་རེ་གཉིས་བྱུང་ན་མ་གཏོགས། གཞན་དག་ཁ་གཡེང་མིག་གཡེང་གང་ཡང་མི་བྱེད་པར་བློ་སེམས་གཅིག་ཏུ་བསྒྲིམས་ཏེ་རང་གི་སྐད་ཡིག་ལ་སྦྱང་བརྩོན་རྣལ་མར་སྐྱོང་བཞིན་སྡོད་ཀྱི་རེད།
ཐེངས་ཤིག་ངས། ཨོ་ཧོ། རྟག་ཏུ་རང་གི་སྐད་ཡིག་ལ་བརྩོན་འགྲུས་ཆེ་བའི་ཨ་ལྕེ་འདི་ལ་དོ་སྣང་དང༌། འཚམ་འདྲི་ཞིག་མ་ཞུས་ན་རྩ་བ་ནས་འགྲིག་ཐབས་མི་འདུག་ཨང་སྙམ་པའི་སེམས་ཁུར་རང་བཞིན་ལ་སླེབས་པ་དང་འབྲེལ། ཉིན་ཞིག་ང་ཁྲོམ་གཞུང་ལ་འགྲོ་ཞོར་ཞིག་ཏུ་ཨ་ལྕེ་བསོད་ནམས་ཆོས་འཛོམས་ལ་འདྲ་པར་འགའ་ཤས་བརྒྱབ་རྗེས། ཐོག་མའི་འཚམ་འདྲི་དང་འབྲེལ་ཏེ་སྐད་ཆ་འགའ་ཤས་འདྲི་མགོ་བཙུགས།
མ་གཞི། མི་སུ་འདྲ་ཞིག་ཡིན་ནའང༌། འཚོ་གོས་ནི་མེད་ཐབས་མེད་པ་ཞིག་ཡིན་གྱི་རེད། འོན་ཀྱང༌། འཚོ་གོས་ལ་བག་མེད་ལོངས་སྤྱོད་ཀྱིས་མི་ཚེ་རྫོགས་ན་ནི། ཆེས་ཕམ་སེམས་སྐྱེ་བའི་མི་ཚེ་རྫོགས་སྟངས་ངན་པ་ཞིན་ཡིན་སྲིད་ལ། དེ་བཞིན་རྣམ་གཡེང་དང༌། དུས་ཚོད་ཆུད་ཟོས་སུ་གཏང་ན་ནི། མི་བུ་དེ་ལ་ཀླད་རུས་དང༌། སྙིང་སྟོབས། གཞན་ཕན་དང་ལྷག་བསམ། རིག་གཞུང་ལ་གཅེས་སྤྲས་ཀྱི་ཐོག་ནས་སྤྱི་ཚོགས་ལ་འགན་ཁུར་གཏིང་ནས་མེད་པའི་རྟགས་ཚན་གསལ་པོ་ཞིག་ཡིན་ཐལ།
འདི་ནས་ཨ་ལྕེ་བསོད་ནམས་ཆོས་འཛོམས་ལགས་དང་ཁ་བརྡ་བྱས་པར། ཁོང་མོས་གསུངས་དོན། ང་རང་ཕ་ཡུལ་སྟོད་གཉའ་ལམ་ནས་ཡིན། མིང་ལ་བསོད་ནམས་ཆོས་འཛོམས་ཟེར་གྱི་ཡོད། རང་ལོ་ ༣༨ ཙམ་ཡིན། ང་རང་ཆུང་དུས་ཡི་གེ་སྦྱོང་བའི་གོ་སྐབས་ཐོབ་མ་བྱུང། འདི་ལོར་ངས་ཡི་གེ་སྦྱོང་བའི་མགོ་བཙུགས་པ་ཡིན། ངས་ད་བར་ཡི་གེ་སྦྱང་ནས་ཟླ་བ་བཞི་ལྔ་ཙམ་དུ་འགྲོ་སོང། ང་ལ་ཡི་གེ་ཁྲོམ་རོགས་དེ་ཚོས་སློབ་ཀྱི་འདུག ངས་ཡི་གེ་སྦྱོང་དོན་ནི། ང་ཚོའི་ཆོས་ཀྱི་དཔེ་ཆ་དེ་དག་བཀླག་རྒྱུ་དང་དཔེ་ཆ་ཏོག་ཙམ་ཏོག་ཙམ་བལྟ་ཐུབ་ན་བསམ་ནས་སྦྱོང་གི་ཡོད། ད་ལྟ་ང་རང་འཛིན་གྲྭ་དང་པོའི་སློབ་དེབ་སྦྱོང་བཞིན་པ་ཡིན་པས་ཨའུ་ཙི་ཤེས་ཀྱི་འདུག ཡིག་ངོ་ཤེས་ན་དོན་དག་ཤེས་ཀྱི་འདུག ཅེས་གསུངས་བྱུང།།

No comments:

Post a Comment