Tuesday, December 28, 2010

ཧི་མ་ལ་ཡའི་རི་རྒྱུད་སྤི་ཏི་ཡུལ་དུ་བཀའ་འགྱུར་ལྗགས་ལུང།

རང་རིག་བཀའ་འགྱུར་ལྗགས་ལུང་གོ་སྒྲིག་ཚོགས་པས་འབྲས་བློ་གླིང་མཁན་རིན་པོ་ཆེ་ཉག་རེ་རྟོགས་ལྡན་སྤྲུལ་སྐུ་མཆོག་ལ་རིང་ནས་གསོལ་བ་ཇི་ལྟར་བཏབ་པ་བཞིན་དུ། འདི་ལོའི་ཕྱི་ཟླ་ ༠༩ ཚེས་ ༢༠ ནས་ཕྱི་ཟླ་ ༡༠ ཚེས་ ༣༠ བར་ཟླ་བ་གཅིག་དང་ཉིན་བཅུའི་རིང་ཧི་མ་ལ་ཡའི་རི་རྒྱུད་སྤི་ཏི་རང་རིག་ཡུལ་དུ་བཀའ་འགྱུར་ལྗགས་ལུང་བསྩལ་གནང་མཛད་ཡོད་པ་རེད།
བཀའ་འགྱུར་ལྗགས་ལུང་དེ་ཉིད་འདི་ལོ་ནས་དུས་ཚོད་འདི་བཞིན་ལོ་རེའི་ཟླ་བ་གཅིག་དང་ཉིན་བཅུ་རེའི་ཟླ་དུས་གོ་སྒྲིག་གནང་ཟིན་ཏེ་ལོ་གསུམ་གྱི་ནང་དུ་བཀའ་འགྱུར་ལྗགས་ལུང་དེ་ཉིད་གྲུབ་རྒྱུའི་འཆར་གཞི་ཡིན་འདུག
ཉག་རེ་རྟོགས་ལྡན་རིན་པོ་ཆེ་མཆོག་གི་བཀའ་འགྱུར་གྱི་ལུང་རྒྱུན་ནི་འབྲས་བློ་གླིང་རྟའུ་སྤང་ནང་རིན་པོ་ཆེ་མཆོག་གི་མདུན་ནས་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་ཞུས་གནང་མཛད་ཅིང། དེ་རྗེས་རྟོགས་ལྡན་རིན་པོ་ཆེ་མཆོག་གིས་ད་བར་བཀའ་འགྱུར་ལྗགས་ལུང་བསྩལ་ཐེངས་བཞི་པ་དེ་ཡིན་འདུག
ཁོང་གིས་བཀའ་འགྱུར་ལྗགས་ལུང་ཐེངས་དང་པོ་དེ་ཕྱི་ལོ་ ༡༩༨༡ ལོར་སྤི་ཏི་ཧན་ས་ཞེས་པའི་ཡུལ་དུ་བསྩལ་གནང་མཛད་པ་དང། དེ་དུས་བསྟན་འགྱུར་རིན་པོ་ཆེའང་མཉམ་དུ་ལྗགས་ལུང་བསྩལ་གནང་མཛད་ཡོད་འདུག། དེ་རྗེས་བཀའ་འགྱུར་ལྗགས་ལུང་ཐེངས་གཉིས་པ་དེ་ཕྱི་ལོ་ ༡༩༨༣ ལོར་ལ་དྭགས་ལ་བསྩལ་གནང་མཛད་པ་དང། བཀའ་འགྱུར་ལྗགས་ལུང་ཐེངས་གསུམ་པ་དེ་ཕྱི་ལོ་ ༢༠༠༠ ལོར་རྒྱ་གར་གནས་མཆོག་རྡོ་རྗེ་གདན་དུ་བསྩལ་གནང་མཛད་ཡོད་ཅིང། འདི་ལོར་ཧི་མ་ལ་ཡའི་རི་རྒྱུད་སྤི་ཏི་རང་རིག་ལ་ཁོང་གི་བཀའ་འགྱུར་ལྗགས་ལུང་བསྩལ་བ་འདི་ཉིད་ཐེངས་བཞི་པ་དེ་ཆགས་ཡོད་འདུག
ཕྱི་ཟླ་ ༡༠ ཚེས་ ༡༧ ཉིན་ངོས་རང་ཉིད་ཀྱང་རང་རིག་ལ་བཀའ་འགྱུར་ལྗགས་ལུང་ཞུ་བ་དང། གནས་ཚུལ་མཁོ་སྒྲུབ་ཆེད་དུ་ཆེད་བཅར་གྱིས་རང་རིག་བཀའ་འགྱུར་ལྗགས་ལུང་གོ་སྒྲོག་ཚོགས་པ་དང་འབྲེལ་བ་ཞུས་པར། བཀའ་འགྱུར་ལྗགས་ལུང་གོ་སྒྲིག་ཚོགས་མི་སྐུ་ཞབས་བྱམས་པ་བསྟན་འཛིན་མཆོག་གིས་གསུངས་དོན་ལ། ད་ཐེངས་བཀའ་འགྱུར་ལྗགས་ལུང་འདི་ཉིད་བཀའ་འགྱུར་རིན་པོ་ཆེ་མཆོག་ལ་ཕྱི་ལོ་ ༡༩༨༡ ལོར་ད་ལྟ་སྐུ་གཤེགས་དམ་པ་རང་རིག་བ་དོན་གྲུབ་ཚེ་རིང་མཆོག་གིས་སྔ་ཞུས་བྱས་པ་ལྟར། དེ་རྗེས་མཁན་ཟུར་བཀྲ་ཤིས་དཔལ་བཟང་མཆོག་གིས་ཡང་ཞུ་གནང་ནས་ད་ཐེངས་བཀའ་འགྱུར་ལྗགས་ལུང་གི་གོ་སྒྲིག་ཞུ་ཐུབ་པ་བྱུང་བ་རེད་ཅེས་གསུངས་བྱུང། མི་མང་ཇི་ཙམ་འཛོམས་ཡོད་པའི་སྐོར་བཀའ་འདྲི་ཞུས་པར། གོ་སྒྲིག་ཚོགས་མི་ཞིག་གིས། སེ་འབྲས་དགེ་གསུམ་གྱི་བླ་སྤྲུལ་དགེ་བཤེས་ཁག་དང། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆོས་ལུགས་རིས་མེད་གྲྭ་བཙུན་བརྒྱ་ཕྲག་མང་པོ་ཕེབས་ཡོད་པ་དང། སྤི་ཏིའི་ཡུལ་མི་དང་བཅས་ཏེ་དེ་རིང་གསུང་ཆོས་ཞུ་བར་ཉིན་གུང་ཞལ་ལག་གི་སྡེར་མ་དྲུག་སྟོང་ལྷག་ཙམ་རྫོགས་འདུག་པས་ང་ཚོས་མི་གྲངས་དྲུག་སྟོང་(༦༠༠༠)ལྷག་ཙམ་སླེབས་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་བྱུང།
བཀའ་འགྱུར་བླ་མ་ཉག་རེ་རྟོགས་ལྡན་མཆོག་སྤི་ཏིའི་ཡུལ་དུ་ཐེངས་ཇི་ཕེབས་སོགས་ཀྱི་སྐོར་ལ་བཀའ་འདྲི་ཞུས་པར།
བཀའ་འགྱུར་བླ་མ་མཆོག་སྤི་ཏིའི་ཡུལ་དུ་ཕེབས་ཐེངས་བདུན་པ་དེ་ཡིན་པ་དང། ཕེབས་ཐེངས་རེ་རེའི་སྐབས་སུ་ཡུམ་རྒྱས་པའི་ལྗགས་ལུང་དང། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ལྗགས་ལུང། བཀའ་འགྱུར་དང་བསྟན་འགྱུར་ལྗགས་ལུང་སོགས་དབང་བསྐུར་མན་ངག་དུ་མ་ཞིག་བསྩལ་དུ་མཛད་པའི་སྐོར་འགྲེལ་བརྗོད་གནང་བྱུང།
ད་ཐེངས་སྤི་ཏི་ཡུལ་མི་དང། དགོན་སྡེ་ཁག་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་དུ། ཡུལ་མི་རྣམས་ཀྱི་རེ་འདུན་ལྟར། བཀའ་འགྱུར་རིན་པོ་ཆེ་མཆོག་བཀའ་འགྱུར་ལྗགས་ལུང་གི་གུང་སེང་དང་སྟབས་བསྟུན་ཏེ། སྤི་ཏི་དཀྱིལ་དགོན་པ་དང་། དེ་བཞིན་ས་ཐག་རིང་ཡང་སྐུ་ངལ་ལ་མ་འཛེམ་པར་རྟ་ཕོ་དགོན་དུ་ཕེབས་སྟེ་སྡེ་དགོན་གཉིས་ཀྱི་རེ་འདུན་ལྟར་ཚེ་དབང་བསྩལ་བ་དང། བྲག་མཁར་དགོན་དུ་ཕེབས་ཏེ་ཕོ་ལུང། དཀར་མཛེས་ས་སྐྱ་དགོན་དུ་ཕེབས་སྟེ་སྐྱབས་འགྲོའི་ཁྲིད་དང། མ་ཎི་དང་བཟང་སྤྱོད་ཀྱི་ལུང་བཅས་བསྩལ་གནང་མཛད་ཡོད་པ་རེད།
འདི་ལོར་ཁོང་གི་བཀའ་འགྱུར་ལྗགས་ལུང་འདུལ་བ་པོད་བཅུ་གསུམ་དང། མདོ་མང་ཅ་པ་བར་དུ་གནང་ཟིན་པ་དང། ལོ་རྗེས་མར་ཡུམ་རྒྱས་འབྲིང་བསྡུས་གསུམ་གནང་འཆར་གྱིས་འདི་ལོར་འབུམ་ཀ་པ་ཞལ་ཕྱེ་མཛད་ནས་གསུང་ཆོས་མཚམས་བཞག་གནང་མཛད་ཡོད་འདུག
དེ་ཡང། འབྲས་བློ་གླིང་མཁན་རིན་པོ་ཆེ་ཉག་རེ་རྟོགས་ལྡན་སྤྲུལ་སྐུ་རྗེ་བཙུན་གྲགས་པ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་ནི་བོད་རབས་བྱུང་བཅུ་དྲུག་པའི་ཤིང་སྤྲེལ་ཕྱི་ལོ་ ༡༩༤༤ལོར་བོད་ལྗོངས་བྲག་གཡབ་མ་དགོན་ཉེ་ཕྱོགས་ཟི་ཟོར་ཡུལ་དུ་ཡབ་ལྷ་བཟང་དང། ཡུམ་བྱམས་པ་ལྷ་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང། སྐུ་ན་ཆུང་དུས་ནས་བླ་མ་ཡེ་ཤེས་དབང་གྲགས་(ཡེ་དབང་རིན་པོ་ཆེ་)མཆོག་གིས་བྲག་གཡབ་རྟོགས་ལྡན་སྤྲུལ་སྐུ་སྐུ་ཕྲེང་དང་པོ་ (༡༨༨༨ - ༡༩༤༡) འཇམ་དབྱངས་བློ་གྲོས་མཆོག་གི་སྐུ་ཕྲེང་གཉིས་པའི་ཡང་སྲིད་དུ་ངོས་འཛིན་མཛད་པ་དང། ཁོང་སྐུ་ན་ཆུང་དུས་ནས་ཟི་ཟོར་རི་ཁྲོད་དུ་ཁོང་གི་སྐུ་གོང་མའི་རྟོགས་ལྡན་འཇམ་དབྱངས་བློ་གྲོས་མཆོག་གི་དངོས་སློབ་བླ་མ་རིན་ཆེན་ཆོས་གྲགས་མདུན་ནས་ཆུ་ཤོག་དང། ཆོས་སྤྱོད་སོགས་ནས་དབུ་བཙུགས་ཏེ་གསན་བསམ་ཐུགས་གཉེར་གནང་མགོ་ཚུགས། དགུང་ལོ་དགུ་པར་ཕེབས་དུས་ནང་ཆོས་ལྟར་གཞུང་ཆེན་ཁག་ལ་གསན་བསམ་གྱི་ཆེད་དུ་དབུས་ལྷ་སའི་ཡུལ་དུ་ཕེབས་ཏེ་འབྲས་བློ་གླིང་གྲྭ་ཚང་དུ་ཆོས་བཞུགས་མཛད།
ཕྱི་ལོ་ ༡༩༥༩ ལོར་བོད་དུ་དུས་འགྱུར་བྱུང་བ་ལྟར་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ཏེ་སྦག་ས་ཆོས་སྒར་དུ་ལོ་ངོ་དགུ་ཙམ་བཞུགས་ཤིང། དེ་རྗེས་འབྲས་སྤུངས་མོན་གྷོ་འདོད་རྒུ་གླིང་དུ་འཕོས་རྗེས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འབྲས་བློ་གླིང་གྲྭ་ཚང་དུ་གཞུང་ཆེན་ཁག་ལ་གསན་བསམ་མཐར་ཕྱིན་མཛད་དེ་དགེ་ལུགས་རྒྱུགས་སྤྲོད་ཕེབས་ནས། ཕྱི་ལོ ༡༩༨༡ ལོར་དགེ་བཤེས་ལྷ་རམས་པ་ཨང་གཉིས་པའི་མཚན་རྟགས་བཞེས།
ཕྱི་ལོ་ ༡༩༨༤ ལོར་མོན་འབུམ་ཐེར་བསྟན་འཛིན་སྒང་དུ་ཡོད་པའི་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ཆོས་ཐོག་ལོ་གཅིག་དང། དེ་རྗེས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ཊིཀྐ་གསུངས་ཏེ་སྔགས་རམས་པའི་དམ་བཅའ་བཞག་གནང་མཛད།
ཕྱི་ལོ་ ༡༩༩༩ ལོར་༸རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་ཡོད་པའི་སྟག་ཚང་ར་སྟོད་གྲྭ་ཚང་གི་མཁན་པོ་བསྐོ་བཞག་མཛད་པ་ལྟར་ཕྱི་ལོ་ ༢༠༠༣ བར་དུ་ར་སྟོད་གྲྭ་ཚང་གི་མཁན་པོ་མཛད།
ཕྱི་ལོ་ ༢༠༠༣ ལོ་ནས་༸རྒྱལ་དབང་ཡོད་བཞིན་ནོར་བུ་མཆོག་གིས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་བླ་མ་དབུ་མཛད་དང། ཕྱི་ལོ་ ༢༠༠༥ ནས་རིམ་བཞིན་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་མཁན་པོ་བསྐོ་བཞག་མཛད་པ་ལྟར་ཕྱི་ལོ་ ༢༠༠༨ བར་དུ་ལོ་ངོ་དྲུག་གི་རིང་ལ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་ལས་སྣེའི་ཐུགས་ཁུར་ཡོངས་རྫོགས་ལེགས་གྲུབ་ཏུ་བསྐྱངས།
ཕྱི་ལོ་ ༢༠༠༨ ནས་༸རྒྱལ་དབང་ཡོད་བཞིན་ནོར་བུ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་མོན་གྷོར་ཡོད་པའི་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་མཁན་པོར་བསྐོ་བཞག་ཇི་ལྟར་མཛད་པ་བཞིན་དུ་འདི་ལོར་འབྲས་བློ་གླིང་གྲྭ་ཚང་གི་མཁན་པོའི་ལས་ཐོག་ལོ་རིམ་གསུམ་པ་དེར་ཕེབས་མུས་ཡིན་འདུག
རྒྱུན་དུ་གྲྭ་རྒྱུན་རྣམས་ལ་དཔེ་འཁྲིད་མཛད་པ་དང། དབང་ལུང་མང་ངག་བརྒྱུད་སྤེལ། མཚམས་བསྙེན་སྒྲུབ་སོགས་ཁོང་གི་སྐུ་ཚེ་ཧྲིལ་པོར་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཕ་མཐར་ཡས་པ་བསྐྱངས་དང་སྐྱོང་མུས་ཡིན་འདུག།།

No comments:

Post a Comment