Tuesday, December 28, 2010

བསྟོད་ར་མིས་གཏོང་གི་རེད་ལ། མི་ལ་གཏོང་དུ་ཆུགས།

འདིའི་སྔོན་དུ་ཁོ་བོ་ལོ་ཤས་རིང་དྷ་སྟེང་བུ་ཁྱིམ་མགོ་འཛུགས་ཟླ་དུས་ལ་བསྟུད་མར་སོང་བའི་སྐོར་ཞིག་ད་ཐེངས་ངའི་སེམས་ལ་དྲན་གསོ་ཐེངས་ཤིག་བཏང་བྱུང། དྲན་སོས་རྐྱེན་ནི་༸རྒྱལ་དབང་མཆོག་གིས་འདི་ལོའི་བུ་ཁྱིམ་དུས་ཚིགས་ལའང། “དེ་རིང་གི་ལས་བསྡོམས་ནང་དུ་ཞིབ་ཚགས་པོ་དང་ཧ་ཅང་ཡག་པོ་བྱུང་འདུག ཡིན་ནའང་ནམ་རྒྱུན་ང་ཚོའི་ལས་ཀ་མང་པོ་ཞིག་མགོ་སྟོད་དུ་ཚགས་ཚུད་པོ་ཡོད་པ་གང་ཞིག་ལ། ལོ་མང་པོ་སོང་རྗེས་འཆར་ཅན་གྱི་སྟེང་དུ་ཕྱིན་ཏེ་འཐུས་ཤོར་དུ་འགྲོ་བ་ཡོང་གི་ཡོད་སྟབས། དེ་ཚོར་དམིགས་བསལ་གཟབ་གཟབ་བྱ་དགོས་” ཞེས་དང། དུས་རྒྱུན་ཡག་ས་དང་བསྟོད་ར་གཏོང་བའི་ཡུལ་དག་ཏུ་བསྟོད་ར་མིས་གཏོང་གི་རེད་ལ། མི་ལ་གཏོང་དུ་ཆུགས། དེ་ལས་ང་ཚོ་ནང་ཚགས་སུ་སྐྱོན་ཆ་ག་རེ་འདུག དེ་ཚོའི་གྲས་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད་ཅེས་རྟག་ཏུ་འབོད་སྐུལ་བྱེད་ཀྱི་ཡོད་ལ། འཐུས་ཤོར་འགྲོ་སའི་གནས་གང་དག་ཡིན་མིན་ཐད་ཞིབ་ཚགས་པོ་བལྟས་ཏེ། འཐུས་ཤོར་མ་འགྲོ་བ་དང་དེ་ལ་གཟབ་གཟབ་བྱ་རྒྱུ་གལ་ཆེན་པོ་རེད་” ཅེས་གསུངས་འདུག་པ་དེ་ཡིས་རེད། ༸རྒྱལ་དབང་མཆོག་གི་གསུང་ཚིག་དེ་ནི་བུ་ཁྱིམ་ར་བ་དེའི་ནང་དུ་ཉུང་མཐར་གྲངས་གསོག་ཐེངས་གསུམ་ཙམ་བྱས་ཡོད་པ་ངའི་སེམས་ནང་གསལ་པོ་དྲན་གྱི་འདུག་ལ། ད་དུང་ཡང་ཁོང་གིས་དེ་བཞིན་གསུངས་དགོས་ཤར་གྱི་ཡོད་འདུག
ལྷག་དོན། ལོ་སྔོན་མ༸རྒྱལ་དབང་མཆོག་སྨན་ཁང་ནས་ཕེབས་མ་ཐག་པའི་སྐུ་ལུས་སྐྱོ་པོ་ཡིན་ནའང། དུས་ཚིཊ་དེ་ལ་ཆེད་ཕེབས་གནང་སྟེ་ཐུགས་ཚབས་ཆེན་པོའི་ངང་ནས་ ”བཙན་བྱོལ་ནང་ལོ་ངོ་སུམ་ཅུའི་རིང་ལ་ཤེས་ཡོན་འཐུས་ཤོར་” སོང་བའི་སྐོར་བཀའ་སློབ་ཐུགས་ཚབ་ཆེན་པོའི་ངང་ནས་ནན་ཏན་དུ་གནང་མཛད་ཡོད་པ་རེད། འོན་ཀྱང། བཙན་བྱོལ་ནང་ཡོད་པའི་ཤེས་ཡོན་སྡེ་ཚན་ཁག་གི་འགན་འཛིན་དང། སློབ་གྲྭའི་མགོ་གཙོ་ཁ་ཤས་ཀྱིས་དེའི་སྐོར་ཆོ་ག་ཕྱག་ལེན་ལྟར་གནས་སྐབས་འཛོམས་བགྲོ་གླེང་འདྲ་ཆགས་པོ་རེ་ཙམ་བྱས་ཏེ་རིམ་བཞིན་ཡལ་དུ་བཅུག་སོང་བ་རེད།
༸རྒྱལ་བས་ཤེས་ཡོན་འཐུས་ཤོར་སྐོར་གསུངས་རྗེས། སློབ་མ་མང་པོ་ཚོར་ཤུགས་ཆེན་པོའི་ངང་ནས་འཛིན་གྲྭ་ཁག་སོགས་ལ་བགྲོ་གླེང་ཚ་ཚ་འུར་འུར་བྱས་ཡོད་ཀྱང། བསམ་ཡུལ་ལས་འདས་པའམ། སྟབས་མ་ལེགས་པ་ཞིག་ལ། ཐེངས་ཤིག་ང་ཚོའི་འཛིན་གྲྭའི་ནང་དུ་དགེ་རྒན་ཞིག་གིས། སྔོན་མ་མཱ་སུ་རིའི་རྙོག་གྲ་དང། སྦི་རི་སློབ་གྲྭའི་འཁྲུགས་ལོང། ཆུ་བཞི་སྒོང་དྲུག་གི་རྙོག་གྲ། དོ་རྒྱལ་ཚོགས་པའི་རྙོག་གྲ་སོགས་མང་པོ་ཞིག་བྱུང་ཚར་བ་རེད། ༸སྐྱབས་མགོན་རིན་པོ་ཆེས་བུ་ཁྱིམ་ལ་བཀའ་སློབ་ཅིག་གནང་པ་རེད་ཟེར་ནས་དེ་རིང་ཁ་སང་ལ་ཡང་ཚིག་དེ་འདྲ་ཞིག་ཁྱེར་འོང་ནས་གང་ས་གང་ལ་རྙོག་གྲ་བཤད་བསྡད་ཡ་མང་པོ་ཞིག་ཡོང་གི་འདུག་ཅེས་སོགས་བཤད་དེ་བཀག་བྱུང།།

No comments:

Post a Comment