Tuesday, December 28, 2010

སྤི་ཏི་དཀར་མཛེས་དཔལ་ས་སྐྱ་དགོན་པའི་ངོ་སྤྲོད་རགས་བསྡུས།

དཔལ་དཀར་མཛེས་ས་སྐྱ་སྟེང་བརྒྱུད་ལྷུན་འགྲུབ་ཆོས་འཁོར་གླིང་དགོན་པ་ཞེས་པའི་མཚན་བྱང་འོག པར་རིས་ནང་དུ་མཐོང་བཞིན་པའི་དགོན་པ་འདི་ནི་ཧི་མ་ལ་ཡའི་རི་རྒྱུད་སྤི་ཏི་དཀར་མཛེས་གྲོང་མགོ་ན་ཡོད་ཅིང། དགོན་པ་འདི་ཉིད་ཕྱི་ལོ་ ༢༠༠༩ ལོའི་ཕྱི་ཟླ་ ༠༧ པའི་ཕྱི་ཚེས་ ༠༩ ཉིན་༸རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་གིས་དབུ་འབྱེད་མཛད་པའི་དགོན་པ་གསར་བཞེངས་བྱས་པ་ཞིག་ཡིན་པ་རེད། སྤྱིར་བཏང་དགོན་པ་འདིའི་རྨང་གཞིའི་ལོ་རྒྱུས་ཁག་ཅིག་ཁང་གསར་ཞབས་དྲུང་རིན་པོ་ཆེའི་ཡོངས་འཛིན་རྒན་ཡེ་ཤེས་འཇམ་དབྱངས་མཆོག་གིས་བྲིས་པའི་ལོ་རྒྱུས་རགས་བསྡུས་ཤིག་འདུག་པ་དེའི་ནང་ནས་གཙོ་འདོན་ཞུས་ཏེ་གཤམ་དུ་བཀོད་པ།
སྤྱིར་སྟེང་བརྒྱུད་དགོན་པ་འདི་ལ་རྒན་རབས་རྣམས་ཀྱི་ངག་རྒྱུན་དང་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་བཤད་ཚུལ་སོགས་གཅིག་མཚུངས་མིན་པའི་སྣ་ཚོགས་ཤིག་མཆིས་མོད། འོན་ཀྱང་དངོས་མཐོང་ལོ་རྒྱུས་ལ་གཞིར་བཅོལ་ནས་རགས་ཙམ་དཔྱད་ན། ལོ་ངོ་སྟོང་ངམ་བརྒྱད་བརྒྱ་ཡན་མས་སོང་ཟིན་ཞིག་བཤད་ན་སྙད་མེད་པར་སེམས། དེའང་ལོ་ཆེན་རིན་ཆེན་བཟང་པོའི་རྣམ་ཐར་ལ་སོགས་པའི་ནང་དུ་གཙོ་བོར་ཉིད་ཀྱི་ཡུམ་གྱི་ཆེད་དུ་དམིགས་ཏེ་ལྷ་ཁང་བརྒྱ་རྩ་སོགས་བཞེངས་པའི་ལོ་རྒྱུས་ལ་གཞིགས་ན་ད་ལྟའི་སྟེང་བརྒྱུད་དགོན་པ་འདིའང་དེའི་གྲས་ཀྱི་གཅིག་བཤད་ཆོག ཅིའི་ཕྱིར་ཞེ་ན། སྔོན་གོ་མིག་དགོན་ཤུལ་དེར་མགོན་ཁང་སོགས་བསྐྱར་བཞེངས་ཆེད་ས་སློགས་སོགས་བྱེད་སྐབས་རྒྱུན་རིང་ལྡན་པའི་དངོས་རྫས་དང༌། ཁྱད་པར་དུ་དེང་ལོ་ཆེན་གྱིས་ཕྱག་བཏབས་པར་གྲགས་པའི་རྟ་ཕོ་དགོན་པའི་ལྷ་ཚུགས་སོགས་ཇི་བཞིན་རྒྱལ་ཆེན་སྡེ་བཞི་སོགས་ཀྱི་སྐུ་བརྙན་ཆག་གྲུམ་སོགས་ད་ལྟའང་གྲོང་མི་རྙིང་གྲས་འགའི་ཁྱིམ་ལ་བདག་ཉར་བྱས་པ་སོགས་ལས་དཔོག་ཐུབ་སྙམ།
རྒྱུ་མཚན་གཞན་ནི་གུ་གེའི་བླ་ཆེན་ཆོས་དཔལ་བཟང་པོ་སྤྱི་ཏི་ཕྱོགས་སུ་ཕེབས་སྐབས་ད་ལྟའི་མངོན་དགའ་ཞེས་པ་དེར་ས་སྐྱའི་དགོན་པ་ཞིག་ཡོད་པ་གསུངས། དེ་དང་གོ་མིག་དགོན་རྙིང་གཉིས་ཟླ་སྒྲིལ་བཏང་ཏེ་མཚན་དུ་སྟེང་བརྒྱུད་ལྷུན་གྲུབ་ཆོས་འཁོར་གླིང་ཞེས་བཏགས་པར་གྲགས། དེས་ན་བླ་ཆེན་ཆོས་དཔལ་བཟང་པོ་ནི་བོ་དོང་ཕྱོགས་རྒྱལ་བ་དང་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་དངོས་སློབ་ཡིན་པ་གསལ་ཞིང༌། ངོར་ཆེན་རྡོ་རྗེ་འཆང་ནི་བོད་རབ་བྱུང་དྲུག་པའི་ཕྱི་ལོ་ ༡༣༨༢ ལོ་ནས་ ༡༤༥༦ ལོ་བར་བྱོན་པའི་ས་སྐྱ་པའི་བསྟན་འཛིན་འགྲན་ཟླ་དང་བྲལ་བ་ཞིག་ཏེ། དེ་བཞིན་ངོར་ཆེན་རྡོ་རྗེ་འཆང་སྟོད་མངའ་རིས་ཕྱོགས་ལ་ཐེངས་གསུམ་ཕེབས་པ་ལས་ལན་བར་མའི་ཚེ་དུས་འཁོར་མཁའ་འགྲོ་རྒྱ་མཚོ་དང་གུར་རིགས་བསྡུས་སོགས་ཀྱི་དབང་ཁྲིད་སྩོལ་སྐབས་ཞུ་མཁན་སློབ་མར་སྤྱི་ཏི་ནས་ཀྱང་མཁན་པོ་རིན་ཆེན་བསོད་ནམས་སོགས་ཡོད་པའི་ལོ་རྒྱུས་སོགས་ཀྱིས་མཚོན་ཏེ་གང་ལྟར་སྤྱི་ཏི་སྟེང་བརྒྱུད་དགོན་པ་འདིའི་ལོ་རྒྱུས་ནི་མན་མཐའ་ལོ་ངོ་བརྒྱད་བརྒྱ་ཡན་མན་སོང་ཟིན་པ་ཞིག་ཀྱང་དོན་གྱི་གྲུབ་པར་མངོན།
ད་ལྟའི་དགོན་པ་འདི་གསར་བཞེངས་བྱེད་དགོས་པའི་དམིགས་ཡུལ་ཀྱང་གོང་ཞུས་ལྟར་དུས་ཀྱི་འཕོ་འགྱུར་ནི་བཟློག་ཏུ་མེད་པ་སོང༌། གོ་མིག་དགོན་རྙིང་དེའང་ཕྱི་ནང་འགལ་རྐྱེན་དུ་མའི་རྐྱེན་ལས་མིང་གི་ལྷག་མ་ཙམ་དུ་གྱུར་ནས་སྔོན་གྱི་རྫོང་རྙིང་དེར་གཙུག་ལག་ཁང་རྟེན་དང་བརྟེན་པ་གཉིས་ཆར་མཛེས་པོ་ཞིག་ཡོད་ནའང་ལོ་རབས་བདུན་བཅུའི་ཡན་མས་སུ་ས་འགུལ་སོགས་ཀྱིས་རྐྱེན་འཐུང་ཆུ་སོགས་རིམ་བཞིན་ས་འོག་ལ་འཐིམས་པར་བརྟེན། ད་ལྟའི་ཐོག་གི་དགོན་པ་འདི་སླར་ཡང་གསར་བཞེངས་མ་བྱས་ཀ་མེད་དུ་གྱུར།
འོན་ཀྱང་ཀུན་གྱི་དགོངས་མངའ་ལྟར་དེར་དགུན་ཚེ་གྲང་ངར་གྱིས་སྡོད་ནུས་བྲལ་བར་བརྟེན། ཕྱི་ལོ་ ༡༩༧༤ ལོར་སྐྱབས་མཆོག་ངོར་ཁང་གསར་མཁན་ཆེན་མཆོག་ནས་རང་ཁུངས་དཀར་མཛེས་སུ་གཙུག་ལག་ཁང་རྟེན་དང་བརྟེན་པ་གྲྭ་ཤག་དང་བཅས་གསར་བཞེངས་ལེགས་གྲུབ་བྱུང་བ་དང་སྟབས་གཅིག་དགའ་སྟོན་གྱི་ཚུལ་དུ་སེར་སྐྱ་མི་མང་ཡོངས་ལ་ལམ་འབྲས་ཚོགས་བཤད་ཀྱིས་གཙོས་དབང་ལུང་ཁྲིད་སོགས་མང་པོ་ཐུགས་དགྱེས་བརྩེའི་སྒོ་ནས་བཀའ་དྲིན་གཞལ་ཟླ་དང་བྲལ་བའི་ཆོས་ཀྱི་བགོ་སྐལ་ཁྱབ་པར་མཛད།
དེ་ལྟར་མོད་སྤྱིར་གྲྭ་པའང་མང་དུ་འགྲོ་བ་དང་ཆབས་ཅིག་ྋགོང་ས་ཡིད་བཞིན་ནོར་བུ་མཆོག་ཀྱང་སྤྱི་ཏིའི་ཕྱོགས་འདིར་ཡང་ཡང་ཆིབས་བསྒྱུར་གནང་སྐབས་དད་མོས་ནི་སྤྱི་མཚུུངས་ལྟར་ན་ཡང༌། བཞུགས་ཁང་སོགས་གང་ཅིའི་དཀའ་ངལ་ཡང་ཡང་འཕྲད་ཀྱི་ཡོད་པར་སོང༌། ད་ལྟའི་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་པ་འདི་ཉིད་སླར་ཡང་རྒྱ་བསྐྱེད་གཏོང་རྒྱུར་མ་གྲོས་གཅིག་མཐུན་དུ་གྱུར། ཞེས་གསལ།
དགོན་པ་འདི་ཉིད་གསར་བཞེངས་སོགས་དང་འབྲེལ་བའི་སྐོར་བོད་མི་མང་སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོའི་ཕྱག་བྲིས་གནང་འབྱོར་བྱུང་བ་སྐབས་འབྲེལ་སྙིང་བསྡུས་གཤམ་དུ་བཀོད་པ།
༢༠༠༩། ༧། ༩། ཉིན་ྋརྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་གིས་གཙུག་ལག་ཁང་གསར་བཞེས་ལེགས་གྲུབ་ཀྱི་དབུ་འབྱེད་དང་བཀའ་སློབ་བསྩལ། ཕྱི་ཉིན་ྋགོང་ས་མཆོག་ནས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་ས་ཆེན་ཀུན་དགའ་སྙིང་པོར་བསྩལ་བའི་གདམས་ངག་ཞེན་པ་བཞི་བྲལ་གྱི་གསུང་ཆོས་གནང༌།
དེ་ཉིན་སྤྱི་ཏི་དཀར་མཛེས་ས་སྐྱ་དགོན་གཙུག་ལག་ཁང་བསྐྱར་བཞེངས་ལེགས་གྲུབ་ཀྱི་རྟེན་འབྲེལ་དུ་དམིགས་ཏེ། ཧི་མ་ལ་ཡའི་ཆོས་རིག་འཛིན་སྐྱོང་ཚོགས་པ་དང་སྟེང་དགོན་ལྷན་ནས་གོ་སྒྲིག་ལྟར། ཆོས་རྗེ་ས་སྐྱ་པཎྜི་ཏས་འཕགས་བོད་ཆོས་རིག་ལ་སྨན་པའི་མཛད་འཕྲིན་ཇི་བསྐྱངས་སྐོར་བགྲོ་གླེང་ཚོགས་འདུའི་དབུ་འབྱེད་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྣང་གསལ་སྒྲོན་མེ་ཞལ་ཕྱེ་མཛད། དེ་རྗེས་ངོར་ཁང་གསར་ཞབས་དྲུང་མཆོག་ནས་བགྲོ་གླེང་བ་རྣམས་ལ་ཕེབས་བསུའི་གསུང་བཤད་དང། ལ་དྭགས་བླ་མ་ཆོས་འཕེལ་བཟོད་པ་མཆོག་གིས་ཐུགས་རྗེ་ཆེའི་གསུང་བཤད་གནང་རྗེས་དབུ་འབྱེད་མཛད་སྒོ་གྲོལ། ཕྱི་དྲོར་བགྲོ་གླེང་དབུ་བཙུགས།
ཚོགས་ཐེངས་དང་པོའི་གཙོ་སྐྱོང་བ་ལོ་ཆེན་སྤྲུལ་སྐུ་རིན་པོ་ཆེ་མཆོག་གིས་གནང་སྟེ། ཆོས་རྗེ་ས་སྐྱ་པཎྜི་ཏས་རིག་པའི་གནས་བཅུ་ཇི་ལྟར་གསོལ་འབྱེད་པའི་ཚུལ་སྐོར་མཁན་པོ་ཆོས་ཀྱི་ཉི་མ། ལ་དྭགས་སུ་ས་སྐྱའི་བསྟན་པ་དར་རྒྱས་ཇི་ལྟར་བྱུང་ཚུལ་སྐོར་དགེ་འཇམ་དབྱངས་ཀུན་བཟང༌། རྒྱ་གར་དང་བོད་གཉིས་དབར་གྱི་ཆོས་དང་རིག་གཞུང་གི་འབྲེལ་པའི་ཐོག་ས་སྐྱ་པཎྜི་ཏའི་གཟི་བརྗིད་དང་ལྡན་པའི་མཛད་འཕྲིན་ཇི་བསྐྱངས་སྐོར་ཁུ་ནུ་བ་རོ་ཤན་ལ་ལི་ནེ་གི། རིག་གཞུང་ཡར་རྒྱས་བྱེད་པ་ལ་བོད་སྐད་ཀྱི་དགོས་གལ་སྐོར་དགེ་བཤེས་དཀོན་མཆོག་རྣམ་རྒྱལ། རྒྱ་བོད་གཉིས་ཀྱི་ཁོངས་སུ་ས་སྐྱའི་ཆོས་བརྒྱུད་དར་རྒྱས་བྱུང་ཚུལ་སྐོར་ཁུ་ནུ་རྒན་ཚེ་རིང་རྡོ་རྗེ་བཅས་ནས་གསུངས།
ཚོགས་ཐེངས་གཉིས་པའི་ཚོགས་གཙོ་མཁས་དབང་བཀྲ་ཤིས་དཔལ་འབྱོར། ཆོས་རྗེ་ས་སྐྱ་པཎྜི་ཏས་འཕགས་བོད་ཆོས་དང་རིག་གཞུང་ལ་སྨན་པའི་མཛད་རྗེས་སྐོར་མཁན་པོ་ཆོས་དབྱིངས་རྡོ་རྗེ། དཔལ་ས་སྐྱའི་བསྟན་པ་སྲ་བརྟན་དང་དར་རྒྱས་ཇི་ལྟར་བྱུང་ཚུལ་སྐོར་ལ་དྭགས་སློབ་དགེ་འཇམ་དབྱངས་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏས་མུ་ཏིག་གི་བསྟན་པ་འཕྲོག་བྱེད་དགའ་བོ་ཇི་ལྟར་བཏུལ་ཚུལ་སྐོར་མཁན་པོ་ཆོས་གྲགས་རྒྱ་མཚོ། ས་སྐྱ་པཎྜི་ཏའི་རིག་གཞུང་གསར་གཏོད་དང་དག་ཐེར་སྐོར་སློབ་དཔོན་གྲགས་པ་སེང་གེ། ས་སྐྱ་པས་གཞན་ཕན་ཇི་ལྟར་མཛད་ཚུལ། དགེ་ཚེ་རིང་བསྟན་པ་བཅས་ནས་གསུངས།
ཕྱི་ཉིན་ཕྱི་དྲོའི་ཚོགས་ཐེངས་དང་པོའི་བགྲོ་གླེང་གཙོ་སྐྱོང་བ་ལ་དྭགས་མཁས་དབང་འཇམ་དབྱངས་རྒྱལ་མཚན། བོད་དུ་གསང་ཆེན་སྔགས་ཀྱི་བརྒྱུད་པ་ཇི་ལྟར་བྱོན་ཚུལ་སྐོར་གུས་བོད་མི་མང་སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་པོ། སེམས་ཙམ་པའི་འདོད་པའི་ཀུན་གཞི་དང་དཔལ་ས་སྐྱ་པས་ངོས་འཛིན་གནང་བའི་ཀུན་གཞི་གཉིས་ཀྱི་ཁྱད་པར་དང༌། སྤྱི་ཏི་དཀར་མཛེས་སྟེང་བརྒྱུད་ལྷུན་གྲུབ་ཆོས་འཁོར་གླིང་དགོན་པའི་ལོ་རྒྱུས་སྐོར་མཁས་དབང་ཚེ་རིང་རྣམ་རྒྱལ། གསང་སྔགས་གསར་རྙིང་གི་ཁྱད་པར་སྐོར་མཁས་དབང་ཨོ་རྒྱན་འགྲོ་འདུལ། དཔལ་ལྡན་ས་སྐྱ་པའི་སྐོར། ལ་དྭགས་སྐུ་ཞབས་སྟོབས་ལྡན། བོད་ཀྱི་ནང་པ་སངས་རྒྱས་པ་རྣམས་ཆོས་བརྒྱུད་ཆེན་པོ་བཞིར་ངེས་པའི་རྒྱུ་མཚན་སྐོར་དགེ་བཤེས་དྲི་མེད་འོད་ཟེར།
ཕྱི་དྲོའི་ཚོགས་ཐེངས་གཉིས་པའི་གཙོ་སྐྱོང་བ་ལ་དྭགས་དགེ་བཤེས་དཀོན་མཆོག་དབང་འདུས། ས་སྐྱ་ལེགས་ཀྱི་དགོངས་དོན་ཧིན་སྐད་དུ་བསྒྱུར་སྟེ་དགོང་དོན་སྐོར་མཁས་དབང་བཀྲ་ཤིས་དཔལ་འབྱོར། བོད་ནུབ་ཕྱོགས་སུ་དཔལ་ལྡན་ས་སྐྱ་པའི་ཆོས་བརྒྱུད་བྱུང་ཚུལ་སྐོར་མཁས་དབང་ཤམ་ན་ཐ། ཆོས་རྗེ་ས་སྐྱ་པཎྜི་ཏའི་ཁྱད་པར་འཕགས་པའི་ཆོས་ཞེས་པའི་སྐོར་སློབ་དཔོན་འཇམ་དབྱངས་མགོན་པོ།
བགྲོ་གླེང་གྲུབ་རྗེས་ཧི་མ་ཅལ་སྤྱི་ཁྱབ་མངའ་སྡེ་བློན་ཆེན་ཟུར་པ་སྤི་ཏི་བ་ཕུན་ཚོགས་རཱ་ཡཱི་མཆོག་ནས་དམིགས་བསལ་གསུང་བཤད་གནང༌བ་དང། མཇུག་བསྡོམས་བཀྲ་ཤིས་མཛད་སྒོའི་སྐུ་མགྲོན་གཙོ་བོ་ངོར་ཁང་གསར་ཞབས་དྲུང་རིན་པོ་ཆེ་མཆོག་དང༌། ས་གནས་གྲོས་ཚོགས་ཀྱི་འཐུས་མི་རམ་མ་ཀན་རྡ་མཆོག རྒྱ་གར་གྲགས་ཉུང་མི་རིགས་ཀྱི་འཐུས་མི་བཅས་སྐུ་མགྲོན་གཙོ་བོ་རྣམ་གསུམ་བྱོན་རྗེས་སྐྱབས་མཆོག་ཞབས་དྲུང་རིན་པོ་ཆེ་མཆོག་གིས་བགྲོ་གླེང་བ་རྣམས་ལ་ལེགས་སོའི་མཇལ་དར་བསྩལ། དེ་བཞིན་སྐུ་མགྲོན་གཙོ་གྲས་འཐུས་མི་རྣམ་གཉིས་ནས་མཇུག་བསྡོམས་གསུང་བཤད་གནང༌རྗེས། སྤྱི་ཏི་དཀར་མཛེས་དགོན་པའི་རྒན་ཚེ་རིང་རྣམ་རྒྱལ་མཆོག་ནས་ཐུགས་རྗེ་ཆེའི་གསུང་བཤད་གནང་སྟེ་གྲོལ།
བོད་མི་མང་སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་པོས། ཕྱི་ལོ་ ༢༠༠༩། ཕྱི་ཟླ ༠༧། ཕྱི་ཚེས ༡༧ ཉིན་རྫོགས་པར་བྲིས།།

No comments:

Post a Comment