Tuesday, December 28, 2010

རྒྱ་རིགས་སྐུ་ཞབས་ལིའུ་ཤཱའོ་པོ་ལ་ཞི་བདེའི་གཟེངས་རྟགས་ཐོབ་པ།

གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། འཛམ་གླིང་ནཱོ་སྦལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གི་ངོས་ནས་འདི་ལོའི་ནཱོ་སྦལ་ཞི་བདེ་གཟེངས་རྟགས་དེ་ཉིད་རྒྱ་ནག་གི་མང་གཙོ་དོན་གཉེར་བ་སྐུ་ཞབས་ལིའུ་ཤཱའོ་པོ་ལ་འབུལ་རྒྱུའི་གཏན་འཁེལ་ཟིན་པའི་སྐོར་འདི་ལོའི་ཕྱི་ཟླ་ ༡༠ པའི་ཟླ་མགོ་ཙམ་ལ་གསལ་བསྒྲགས་བྱས་ཡོད་འདུག
དེའི་སྐོར་༸རྒྱལ་དབང་ཡོད་བཞིན་ནོར་བུ་མཆོག་ནས་འཚམ་འདྲིའི་བཀྲ་ཤིས་བདེ་ལེགས་དང་འབྲེལ་ཏེ་གསར་འགོད་གསར་བསྒྲགས་གནང་དོན།
“ངོས་ཀྱིས་སྐུ་ཞབས་ལིའུ་ཤཱའོ་པོ་ལ་ནཱོ་སྦལ་ཞི་བདེའི་གཟེངས་རྟགས་ཐོབ་པར་འཚམ་འདྲིའི་བཀྲ་ཤིས་བདེ་ལེགས་ཡོད། ལིའུ་ཤཱའོ་པོ་ལ་ཞི་བདེའི་གཟེངས་རྟགས་ཐོབ་པ་དེ་ནི་རྒྱ་ནག་མི་མང་གི་ནང་དུ་ཆབ་སྲིད་དང། ཁྲིམས་ལུགས། རྩ་ཁྲིམས་བཅས་བཅོས་བསྒྱུར་གཏོང་རྒྱུར་འདོད་པ་འཛིན་མཁན་ཇེ་མང་དུ་འགྲོ་གི་ཡོད་པ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོས་འཛིན་གནང་བ་ཞིག་ཡིན། ལིའུ་ཤཱའོ་པོ་གཙོས་པའི་རྒྱ་ནག་གི་མཁས་དབང་དང། མང་ཚོགས་བརྒྱ་ཕྲག་འགའ་ཤས་ཀྱིས་ཕྱི་ལོ་ ༢༠༠༨ ལོའི་རྩ་འཛིན་ཡིག་ཆར་མིང་རྟགས་བཀོད་ནས་ཁྱབ་སྤེལ་བྱས་པ་དེས་ངོས་རང་ཉིད་ལའང་ཚོར་ཤུགས་ཆེན་པོ་སྐྱེས་བྱུང། ཕྱི་ལོ་ ༢༠༠༨ ལོའི་རྩ་འཛིན་ཡིག་ཆ་འགྲེམས་སྤེལ་བྱས་ནས་ཉིན་གཉིས་རྗེས། ཕྱི་ལོ་ ༢༠༠༨ ཟླ་བ ༡༢ ཚེས་ ༡༢ ཉིན་ངོས་རང་པཱོ་ལན་ཌར་འཚམ་འདྲིར་སླེབས་ཡོད་པའི་སྐབས་དེར་ངོས་ནས་ལས་དོན་དེར་ཡིད་སྨོན་གྱི་གསར་འགོད་གསལ་བསྒྲགས་ཤིག་ཀྱང་སྤེལ་རྒྱུ་བྱུང། རྒྱ་ནག་གི་ད་ལྟའི་མི་རབས་ཚོས་འགན་ཁུར་ལྡན་པའི་སྲིད་གཞུང་གི་བསྐྲུན་ཐབས་སུ་དཀའ་ལས་བརྒྱབ་པ་དེའི་འབྲས་བུ་མ་འོངས་རྒྱ་ནག་གི་མི་རབས་གསར་པ་ཚོས་ལོངས་སུ་སྤྱོད་ཐུབ་ངེས་ཡིན་པ་ཞིག་ངོས་ནས་ཡིད་ཆེས་བྱེད་ཀྱི་ཡོད། ཉེ་སྔོན་རྒྱ་ནག་གི་སྲིད་བློན་ཨུན་ཇཱ་པཱའོ་ནས་སྨྲ་བརྗོད་རང་དབང་ནི་རྒྱལ་ཁབ་ཚང་མར་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན་པ་དང། མི་མང་གི་རང་དབང་དང་མང་གཙོའི་མངོན་འདོད་ཡོད་པ་དེ་འགོག་ཐབས་མེད་པ་ཞིག་ཡིན་པའི་གཏམ་བཤད་སྤེལ་ཡོད་པ་དེ་ནས་ཀྱང་རྒྱ་ནག་ནང་རང་དབང་གི་འདོད་འདུན་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་པ་མཚོན་གྱི་ཡོད། འདི་འདྲའི་ལེགས་བཅོས་བརྒྱུད་རྒྱ་ནག་རྒྱལ་ཁབ་དེ་ཞི་མཐུན་དང། བརྟན་ལྷིང། དཔལ་ཡོན་ལྡན་པའི་རྒྱལ་ཁབ་ཅིག་ལ་འགྱུར་ཐུབ་པ་མ་ཟད། རྒྱ་ནག་གི་བསྒྱུར་བཅོས་ལ་བརྟེན་ནས་འཛམ་གླིང་སྤྱིའི་ཞི་གནས་ལ་དགེ་མཚན་ཆེན་པོ་བཟོ་ཐུབ། མཐར་ངོས་ནས་ད་རེས་གོ་སྐབས་འདི་བཟུང་ནས་རྒྱ་ནག་གཞུང་ལ་ལིའུ་ཤཱའོ་པོ་གློད་གྲོལ་ཡོང་བའི་བསྐྱར་དུ་འབོད་སྐུལ་བྱེད་པ་དང་ཁྱབ་ཅིག སྨྲ་བརྗོད་རང་དབང་གི་གནད་དོན་ཐོག་བཙོན་འཇུག་བྱས་པའི་ཆབ་སྲིད་བཙོན་པ་གཞན་རྣམས་ཀྱང་གློད་གྲོལ་ཡོང་བའི་འབོད་སྐུལ་བྱེད་ཀྱི་ཡོད་” ཅེས་གསུངས་ཡོད།
སྐུ་ཞབས་ལིའུ་ཤཱའོ་པོ་ལ་ནོ་སྦལ་ཞི་བདེའི་གཟེངས་རྟགས་ཐོབ་པར་བོད་བཙན་བྱོལ་གཞུང་བཀའ་ཤག་ནས་ཀྱང་འཚམ་འདྲི་ཞུས་འདུག་པ་སྙིང་དོན། བོད་གཞུང་བཀའ་ཤག་གི་ངོས་ནས་སྐུ་ཞབས་ལིའུ་ཤཱའོ་པོ་ལ་འདི་ལོའི་ནོ་སྦལ་ཞི་བདེའི་གཟེངས་རྟགས་ཐོབ་པར་འཚམ་འདྲི་ཞུ་རྒྱུ་ཡིན། ཞེས་དང། རྒྱ་མི་རིགས་ཤིག་ལ་འདི་ལྟའི་ཆེ་བསྟོད་ཀྱི་གཟེངས་རྟགས་ཐོབ་པ་ནི་རྒྱ་ནག་རྒྱལ་ཡོངས་ངོས་ནས་སྤོབས་པ་སྐྱེ་དགོས་པ་ཞིག་ཡིན། ང་ཚོ་བོད་མི་ཚོས་ད་ཐེངས་ནཱོ་སྦལ་ཞི་བདེའི་གཟེངས་རྟགས་སྐུ་ཞབས་ལིའུ་ཤཱའོ་པོ་ལ་ཐོབ་པར་འོས་ཤིང་འཚམ་པ་ཞིག་ཡིན་པའི་ངོས་འཛིན་དང། འདི་ལོའི་ཕྱི་ཟླ་ ༡༢ པའི་ཕྱི་ཚེས་ ༡༠ ཉིན་ཁོ་རང་དངོས་སུ་གཟེགས་རྟགས་བཞེས་སར་ཕེབས་ཐུབ་པའི་སྨོན་འདུན་ཞུ་གི་ཡོད། ཅེས་གསུངས་འདུག
བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཀྱང་འཚམ་འདྲི་ཞུས་འདུག་པའི་སྙིང་དོན། སྐུ་ཞབས་ལིའུ་ཤཱའོ་པོ་ལ་ཕྱི་ལོ་ ༢༠༡༠ ལོའི་ནཱོ་སྦལ་ཞི་བདེའི་གཟེངས་རྟགས་ཐོབ་པར་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་འཚམ་འདྲིའི་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་འདུག།།

No comments:

Post a Comment