ང་ཚོ་བོད་ཀྱི་རྒྱ་ཆེར་ཞིང་པ་དང་རྒྱ་ཆེར་འབྲོག་པ་མི་མང་གི་ནང་དུ་སོང་ནས་སྐད་ཆ་འདི་བཤད་ན། མགོ་བོ་འཕྲེད་དུ་གཡུག་གི་རེད། ཁ་ལ་རེ་བ་ཉན་གྱི་མ་རེད། ང་ཚོ་རྗེས་ལུས་མིན། ང་ཚོ་སྔོན་མ་གླིང་གེ་སར་རྒྱལ་པོས་གཅིག་བྱས་བཞག་པ། སྲོང་བཙན་སྒམ་པོའི་གཉིས་བྱས་བཞག་པ། བཅུ་ཕྲག་རིག་པའི་གནས་ཡོད་པ། སྟོད་ཡ་ན་རྒྱ་གར་རྒྱལ་པོ། སྨད་མ་ན་རྒྱ་ནག་རྒྱལ་པོ། བར་འདི་ན་འ་ཞ་གསེར་ཐར་ཟེར་བ་འདྲ་པོ། དེ་འདྲའི་སྐད་ཆ་སྙན་པོ་དང༌། སྣང་བ་སྐྱིད་པོ་བཤད་ནས་ལོ་སྟོང་ཕྲག་རིང་ལ་སྣང་བ་སྐྱིད་པོ་བྱས་ནས་བསྡད་པ་རེད།
ང་རང་ཚོས་དེ་དངོས་གནས་རེད་བསམ་གྱི་ཡོད། ང་རང་གིས་ཀྱང་རེད་བསམ་མྱོང༌། དཔེར་ན། སྡེ་པ་གཞུང་ལ་དཔེ་གཞག་ན། ཕྱི་ལོ་ ༡༩༥༩ བར་དུ་སྡེ་པ་གཞུང་གི་རྩ་ཁྲིམས་ཟེར་བ་འདྲ་པོ། སྡེ་བ་གཞུང་གི་རྩ་ཚིག་ཟེར་བ་འདྲ་པོ། དེ་འདྲའི་ཡིག་ཆ་ག་འདྲ་ཞིག་བྱུང་ནའང༌། ཡིག་ཆ་དེའི་མགོ་མགོ་རུ་ག་རེ་བཤད་ཡོད་རེད་ཟེར་ན། ཉི་འོག་ཏུ་ཁོད་པའི་སྐྱེ་རྒུ་ཀུན་ལ་བདོ་བ། ཨ། ཉི་མའི་འོག་ཏུ་གནས་པའི་འགྲོ་བ་སེམས་ཅན་ཐམས་ཅད་ལ་བཀའ་ཕབ་པ་ཟེར་གྱི་ཡོད་པ་རེད། དེ་སྣང་བ་སྐྱིད་ཐག་ཆོད་རེད་པ། ཉི་མའི་འོག་ཕར་གཞག་ཤོག དབུས་གཙང་ཁམས་གསུམ་དུ་ཡང་བཀའ་ཕབ་ཐུབ་ཀྱི་ཡོད་མ་རེད། དེ་ག་ནང་བཞིན། ང་རང་ཚོ་ཁམས་ཀྱིས་ཀྱང་ཟེར་ཁག་བྱེད་ཀྱི་ཡོད་རེད། འགུ་ལོག་ལ་ཆ་བཞག་ན། སྟོད་ན་རྒྱ་གར་རྒྱལ་པོ། སྨད་ན་རྒྱ་ནག་རྒྱལ་པོ། བར་འདི་ན་འགུ་ལོག་ཨ་ཅོག་ཁག་གསུམ། སྐད་ཆ་སྙན་པོ་དེ་འདྲ་བཤད་ནས་སྡོད་པ་རེད། སྐད་ཆ་དེ་དག་དེ་དུས་སྙན་པོ་འདུག སྐྱིད་པོ་ཡང་ཡོད་རེད། ཁོ་རང་ཚོ།
ད་ལྟ་དེ་འདྲ་བཤད་ན་དགོས་པ་ཡོད་མ་རེད། ཤོད་སྡོད་དང་སྡོད་ཀྱི་ཡོད་རེད། ད་དུང་ཡང༌། ཡིན་ན་ཡང༌། དགོས་པ་མེད་རེད། དེ་འདྲ་ཡིན་ཙང༌། ད་ང་རང་ཚོ་ཐོག་མ་ཡིན་ན། མི་རིགས་དེ་ཧ་ཅང་གི་རྗེས་ལུས་ཆེན་པོ་ཞིག་ཐེབས་ཡོད་པ་དེ་ངོས་འཛིན་ཐུབ་དགོས་པ་ཞིག་རེད། དེ་འདྲ་ཡིན་ཙང༌། ད་རྗེས་ལུས་དེ་ག་འདྲ་བྱས་ནས་ཐེབས་ཡོད་རེད་ཟེར་ན། སྐད་ཆ་གསལ་པོ་བཤད་པ་ཡིན་ན།
ད་ང་ཚོ་བཟོ་ལས་ཀྱི་ཐད་ནས་རྗེས་ལུས་ཐེབས་ཡོད་རེད། ཞིང་ལས་ཀྱི་ཐད་ནས་རྗེས་ལུས་ཐེབས་ཡོད་རེད། འབྲོག་ལས་ཀྱི་ཐད་ནས་རྗེས་ལུས་ཐེབས་ཡོད་རེད། དེ་དག་ལ་སོགས་པ་རེད་པ། ད་ང་རང་ཚོ་སྤྱི་ཚོགས་ནང་ནས་ཕྱོགས་གང་ཅིའི་ཐད་ནས་རྗེས་ལུས་ཐེབས་དང་མ་ཐེབས་མེད་པ། ད་ལྟ་ང་ཚོ་བོད་རིགས་ཀྱི་ས་ཆར་བཅིངས་དཀྲོལ་ཐོབ་ནས་ལོ་ངོ་ ༤༠ ལྷག་ཙམ་རེད། མཐའ་ན་ད་དུང་ཡང་ང་ཚོ་ཁབ་ཅིག་བཟོ་ཤེས་ཀྱི་ཡོད་མ་རེད། ཁབ་ཟེར་དུས་ལས་སླ་པོ་ཞེ་དྲག་བརྩི་གི་རེད། ཁབ་ཟེར་དུས་གོང་ཡང་ཁེ་པོ་ཁེ་པོ་རེད་པ། བྱས་ཙང༌། ད་ལྟ་ང་ཚོས་ཁབ་ཅིག་བཟོ་ཤེས་ཀྱི་ཡོད་རེད་དམ་ཟེར་ན་ཏན་ཏན་བཟོ་ཤེས་ཀྱི་མ་རེད། ལྕགས་སྐུད་ཅིག་ཚུར་བཀུགས་ཏེ་རྩེ་བརྡར་ནས་རྣོན་པོ་བཟོ་རྒྱུ་ཡིན་ཟེར་ན་འགྲིག་གི་ཡོད་རེད། མ་གཏོགས་པའི་དེང་སང་འཛམ་གླིང་རྒྱལ་ཁབ་ཀྱི་བཟོ་གྲྭའི་ནང་ནས་ཐོན་པའི་ཁབ་འདྲ་པོ་ཞིག་ང་ཚོས་བཟོ་ཐུབ་ཀྱི་ཡོད་མ་རེད།
དེ་འདྲའི་མི་རིགས་ཤིག་གིས་ཉི་འོག་ཏུ་ཁོད་པའི་སྐྱེ་རྒུ་ཀུན་ལ་བདོ་བ་ཟེར་ཁག་བྱེད་ནས། ལོ་སྟོང་ཕྲག་རིང་མགོ་འཁོར་བསྡད་རེད། ང་ཚོ་མགོ་འཁོར་བསྡད་པ་དེ། སྤྱི་སྟངས་ང་ཚོ་བོད་རིགས་ཙམ་མ་ཡིན་པ་འཛམ་བུ་གླིང་ནང་ཐོག་མར་མགོ་འཁོར་མཁན་ཤ་སྟག་རེད། ཐོག་མར་མགོ་འཁོར་དུས་འཁོར་རེད། གཉིད་སད་དུས་སད་ཀྱི་ཡོད་རེད། འདུན་དུ་འགྲོ་དུས་འགྲོ་གི་ཡོད་རེད། རྗེས་ལ་ལྷག་དུས་ལྷག་པ་རེད། ང་ཚོ་དེ་འདྲ་མ་རེད་དམ། ལོ་སྟོང་ཕྲག་གི་ལྷག དཔེར་ན། ང་ཚོའི་ལྷ་སྲས་གླང་དར་མ་བཀྲོངས་བའི་རྗེས་ལ། ལོ་ངོ་ ༣༩༦ རིང་ལ། ད་ང་རང་ཚོ་ནང་ལོག་ལ་ཁྱོད་ཀྱིས་ང་བསད། ངས་ཁྱེད་བསད། ནང་འཁྲུགས་བརྒྱབ་བསྡད་པ་རེད། རེད་མ་གཏོགས། སྐབས་དེ་དུས་བོད་མི་རིགས་ཀྱི་ཁེ་ཕན་ཟེར་བ་འདྲ་པོ་དང་བོད་མི་རིགས་ཀྱི་ལ་རྒྱ་ཟེར་བ་འདྲ་པོ་དེ་འདྲའི་བསམ་བློ་གཏོང་མཁན་མ་བྱུང་བ་རེད། བྱང་ཆུབ་རྒྱལ་མཚན་ཟེར་བ་འདྲ་པོ་མི་སྣ་གྲགས་ཅན་འགའ་བྱུང་ཡོད་རེད་དེ། སྔོན་མ་ཆོས་རྒྱལ་སྐབས་ལྟ་བུ་བོད་ཆོལ་ཁ་གསུམ་ལ་གཅིག་གྱུར་བྱེད་མཁན་བྱུང་མ་ཐུབ་པ་རེད། དེ་འདྲ་ཡིན་དུས་ང་ཚོ་ཧ་ཅང་རྒྱུན་རིང་པོ་ཞིག་གི་རིང་ལ་རྗེས་ལུས་བྱས་པ་རེད།
ངས་ད་གིན་གོང་དུ་བཤད་པ་ནང་བཞིན། རྗེས་ལུས་ཐེབས་པ་ལ་ང་ཚོ་སྐྲག་དགོས་ཀྱི་མ་རེད། རྗེས་ལུས་ཐེབས་པ་ངོ་ཤེས་དགོས་ཀྱི་རེད། ངོ་མ་ཤེས་ན། དངོས་གནས་སྐྲག་སྣང་དང་འཇིགས་སྣང་སྐྱེ་དགོས་ཀྱི་རེད། ཁ་ཤས་ཀྱིས་ད་ལྟ་ཡང་ཤེས་ཀྱི་མི་འདུག ང་དཀར་མཛེས་རང་སྐྱོང་ཁུལ་གྱི་མི་ཞིག་རེད། ང་སྐྱེས་ཡུལ་དཀར་མཛེས་རང་སྐྱོང་ཁུལ་རེད། ང་རང་མི་ཚེ་སྐྱལ་ས་ལྷ་སར་བསྐྱལ་བ་རེད། ངས་དཀར་མཛེས་རང་སྐྱོང་ཁུལ་གྱི་མི་ཁ་ཤས་ཐུག་ནས། ཞིང་པ་དང་འབྲོག་པ་ཁ་ཤས་ཐུག་ནས། ཁོང་ཚོས་སྔོན་ཆད་ང་ཚོ་ཕྲུ་གུ་ཡིན་དུས་ཀྱི་བསམ་བློ་ནང་བཞིན་སྣང་བ་སྐྱིད་པོ་ཁོ་ན་བྱེད་ནས་བསྡད་འདུག རྟ་རྒྱུགས་རྒྱུ་དང་མེ་མདའ་ཉོ་རྒྱུ་དང༌། ངའི་རྩྭ་ར་ནང་ཁོའི་སེམས་ཅན་བཏང་ནས། དམག་རྒྱག་ནས་ཁོང་ཚོས་མི་གསད་ཀྱི་ཡིན་ཟེར་བ་འདྲ་པོ། ང་ཚོ་ལ་ཚུལ་གཅིག་བསད་སོང་ཟེར་བ་འདྲ་པོ། སེམས་སྐྱོ་དགོས་པ་དང༌། ཡིད་ཕམ་དགོས་པ། ཡིད་རྨུགས་དགོས་པའི་སྐད་ཆ་ཤ་སྟག་ཤོད་ཀྱི་འདུག ཕར་དེ་འདྲ་མ་རེད་ཟེར་ལབ་ན། ཨོ་ཧོ། ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་འདུག གྱོད་རྩ། དེ་ལས་ཅང་མི་སྨྲ་བར་སྡོད་རྒྱུ་རེད། ས་པཎ་གྱིས་གསུངས་པ་ནང་བཞིན་རེད། མཁས་པ་བརྒྱ་ཐུག་ན་ང་མི་སྐྲག བླུན་པོ་གཅིག་ཐུག་ན་ང་སྐྲག་ཟེར་བ་འདྲ་པོ་རེད། དེ་ལས་ཐབས་ཤེས་གཞན་མི་འདུག རང་གི་ཕ་ཡུལ་གྱི་མི་གཅིག་དང་ཐུག་དུས། དགའ་པོ་ཉེ་པོ་གཅིག་དང་ཐུག སྐད་ཆ་གཅིག་བཤད་དུས། ཕར་ཚུར་སྡུག་ཅག་བཤད་རེས་བྱ་ན་ཡག་པོ་ཡོད་མ་རེད། དེ་འདྲ་ཡིན་ཙང་ད་དུང་སླ་པོ་མི་འདུག ད་ཁོ་ཚོ་ག་རེ་རེད་ཟེར་ན། ཕོ་བ་མ་ལྟོགས་ཙམ། རྒྱབ་མ་འཁྱག་ཙམ་ཞིག་བྱུང་ན། དེའི་འདོད་པ་ཁེངས་ཤིང༌། རེ་བ་ཚིམས་ནས་སྡོད་ཀྱི་ཡོད་རེད།
ད་འོ་ན། ཁོ་ཚོ་ལ་ཚན་རིག་ལ་བརྟེན་ནས་དངོས་པོའམ་ཅ་ལག་དེ་ཚོ་མི་དགོས་པ་རེད་དམ་ཟེར་ན་དགོས་ཀྱི་ཡོད་རེད། བྱུང་ན་གནམ་གྲུ་ཡང་ཁོ་ཚོ་ལ་དགོས་ཀྱི་ཡོད་རེད། གློག་བརྙན་ནི་དགོས་རེད། སྒྲ་བསྒྱུར་འཁོར་ལོ་ནི་དགོས་རེད། ཡོད་ཚད་དེ་བྱུང་ན་ཁོ་ཚོ་ལ་དགོས་ཀྱི་ཡོད་རེད། ཡིན་ན་ཡང༌། རང་ཉིད་རྗེས་ལུས་ཡིན་པ་ཅི་ནས་བསམ་ཐུབ་ཀྱི་ཡོད་མ་རེད། དཔེར་ན། ངས་ཁྱོད་རང་ཚོ་ལ་དཔེ་ཞིག་བཞག་དགོས། ཁྱོད་རང་ཚོ་ཚང་མས་ཤེས་ཀྱི་རེད། ལྷ་ས་ཡང་དེ་འདྲ་རེད། དཔེར་ན། རྒྱ་ནག་ནས་ཡར་ལུས་རྩལ་འདྲ་མིན་རྩེད་མཁན་ཚོགས་པ་ཡོང་གི་རེད་པ། དུས་ཆེན་ཁག་ལ། ལྕགས་ཀྱི་སྐུད་པ་རིང་པོ་ཞིག་གི་སྒང་ལ་བུ་མོ་འདྲ་པོ་དེ་འདྲའི་ཉི་གདུགས་ཁུར་ནས་ཕར་ཚུར་འགྲོའི་ཡོད་རེད། དེ་མཐོང་བའི་སྐབས་ལ། མི་མང་ཆེ་བ་ཞིག་གིས། དེ་སྐྱག་རྫུན་བཤད་པ་རེད། དེ་འདྲ་ཟེར་བ་ཞིག་ཅི་ནས་ཡོད་མ་རེད། རྒྱ་ཡིས་མིག་འཕྲུལ་སྟོན་པ་རེད། ཡང་ན། དེ་མིག་འཕྲུལ་མ་རེད་ངོ་མ་རེད་ཟེར་ནའང༌། ངོ་མ་ཡིན་ན། ལྕགས་སྐུད་དང་རྐང་པ་གཉིས་དབར་ལ་གློག་བཏང་བཞག་ཡོད་རེད། མཐའ་ན། དེ་རིང་སང་ཉིན་ཡང་ཁ་ལ་ཉན་གྱི་མི་འདུག ལྷ་ས་ཡང་དེ་འདྲ་རེད། ང་རང་ཚོའི་ལུང་པ་ཡང་དེ་འདྲ་རེད། དེ་འདྲའི་རྗེས་ལུས་རེད། རྗེས་ལུས་ཡང་ལུས། བྱས་ཙང་དགོས་རྒྱུ་ནི་ང་རང་ཚོ་ལ་ཚང་མ་དགོས་ཀྱི་ཡོད་རེད། ཤེས་རྒྱུ་དེ་ནི་རང་ཉིད་ཀྱི་མ་ཤེས་ཙམ་མ་ཟད། མི་གཞན་ལ་ཡོད་པ་དེ་ཡང་ཡིད་ཆེས་བྱེད་ཀྱི་ཡོད་མ་རེད། དེ་མི་ཡིས་བཟོས་པ་རེད། མི་ཡིས་བསམ་བློ་གཏོང་ནས། མིའི་ལག་པ་འགུལ་ནས་བཟོས་པ་ཞིག་རེད་དེ། དེ་ཅི་ནས་ཀྱང་ཡིད་ཆེས་ཀྱི་ཡོད་མ་རེད། ད་ཁ་སང་དེ་རིང་ང་ཚོ་གང་འདྲ་ཞིག་རེད། ང་ཚོས་གནས་བབ་དེ། ད་ང་ཚོ་ཚང་མས་དངོས་ལས་དྲང་ལས་བསམ་བློ་ཞིག་ཐོངས་དང༌། ཤུགས་ཤིག་རྒྱབ་མ་ཐུབ་ན། ད་ང་ཚོ་ཨ་མི་རི་ཀའི་རཱེ་ཌི་ཨན་ཌི་ཡཱན་(Red Indian)དང་ང་ཚོ་འདྲ་པོ་ཆགས་ཀྱི་ཡོད་རེད།
ད་དུང་ང་རང་ཚོ་ཕོ་སར་ཁ་ཤས་ཁྲཱིན་ཏུང་ལ་མར་ཡོང༌། ད་ག་རེ་ཟེར་གྱི་འདུག་ཟེར་དུས། སྐྲ་རིང་པོ་རིང་པོ་ཞིག་བཞག དེའི་ནང་དུ་སྐུད་པ་དམར་པོ་མང་པོ་ཞིག་བསྒྲིལ་ནས། དེ་ནས་འགྲོའི་འདུག དེ་ནས་གྲི་རིང་པོ་དེ་འདྲའི་ཞིག་བཏགས་ནས་ཁྲོམ་ལ་འགྲོ་དུས། རྒྱ་རིགས་ཚང་མ་ཁོ་ལ་ལྟ་དུས་ཁོ་རང་ཁོ་རང་གིས་ཁོ་ལ་ལྟད་མོ་ལྟ་གི་འདུག་དྲན་ནས་འགྲོ་སྟངས་ཡང་མ་འདྲ་བ་ཞིག་བྱེད་ནས། ད་དེ་དུས། ང་ཚོ་བོད་རིགས་རེད་པ། ང་རང་ཚོ་ང་རང་ཚོ་ངོ་ཚ་ནས། གདོང་པ་ཅིག་བྱས་ན། ཨ་འོ། དེ་འདྲ་ཞིག་མ་བྱེད་ན་ཨང༌། ད་དུང་ཁོ་རང་གིས། ཧ་ཧ། ང་ནི། དེ་རིང་མེ་འཁོར་ནང་དུ་ཕྱིན་པ་ཡིན། རྒྱ་མི་ཁ་ཤས་ཤིག་འདུག སྐྱག་པ། ང་ཕར་ཕྱིན་དུས་ང་ལ་གྲི་ཡོད་ཙང་སྐྲག་ནས་ཕར་ཕར་བྲོས་འགྲོ་གི་འདུག་ཟེར། སྐྲག་རྒྱུ་ཅི་སྐྲག དྲི་མ་བྲོ་ཡོང་གི་ཡོད་རེད། དྲི་མ་ལ་སྐྲག་གི་རེད་པ། སུ་ཡིན་ནའང༌། དུས་རྒྱུན་དུ་གོས་ལྷམ་བཀྲུའི་མ་རེད། མགོ་ནི་བཀྲུའི་མ་རེད། གཟུགས་པོ་ནི་བཀྲུའི་མ་རེད། མི་ཚེ་གཅིག་ལ་གཟུགས་པོ་བཀྲུས་མ་མྱོང་ཟེར་མཁན་ག་ཚད་ཡོད་རེད། ང་རང་ཚོས་ནང་ལ་རེད་པ། དེ་འདྲའི་རིགས་ཤིག་བསྡད་བཞག་ཡིན་དུས། གྲི་ལ་སྐྲག་པ་མ་རེད། དྲི་མ་ལ་སྐྲག་པ་རེད་དེ། གོ་གི་ཡོད་མ་རེད། ད་དུང་རྫིག་རྫིག་བྱས་ནས་ང་ཚོ་ལ་རྒྱ་མི་དེ་ཚོ་སྐྲག་ནས་ཕར་ཕར་བྲོས་འགྲོའི་འདུག སྐྱིད་པོ་འདུག་ཟེར་གྱི་ཡོད་རེད། དེ་ལྟ་བུ་དཔེ་མཚོན་ཅིག་རེད། ང་རང་ཚོ་མི་རིགས་འདི་དངོས་གནས་ཐབས་སྐྱོ་པོ་ཞིག་རེད། དེ་འདྲའི་རྗེས་ལུས་ཞིག་ཐེབས་སྡོད་ཡོད། དེ་འདྲ་ཡིན་ཙང༌། རང་གི་རིགས་ལ་ཞེན་པ་དཀར་པོའི་མདངས། །རང་བྱུང་སྙིང་གི་དབུས་ན་གནས་པ་འདིས། །རང་ཡུལ་ཁ་བ་ཅན་གྱི་རྗེ་འབངས་ལ། །རང་གི་ནུས་པས་སྲིད་ཞུ་ཅུང་ཟད་སྒྲུབ། །ཟེར་བ་དེ། མཁས་དབང་དགེ་འདུན་ཆོས་འཕེལ་ལྟ་བུའི་སྲིད་ཞུ་ང་རང་ཚོས་བོད་མི་རིགས་ལ་འདོགས་རྒྱུ་དཀའ་མོ་རེད། ཡིན་ནའང་ང་རང་ཚོ་ཡང༌། ང་རང་ཚོ་ལ་དཔག་པའི་མི་དེ་ལ་ནུས་པ་རེ་རེ་ཡོད་རེད། དེ་འདྲ་ཡིན་ཙང༌། ང་རང་ཚོའི་དུས་དང་རྣམ་པ་ཀུན་ཏུ། ངས་སློབ་གྲྭ་རྣམས་པ་ཚོ་ལ་དུས་རྒྱུན་དུ་ཞུ་གི་ཡོད། ང་ཟེར་བའི་དོན་དག་ལ་སུ་ཡིན་ནའང་བསམ་བློ་གཏོང་དགོས་རེད། རང་གི་དོན་དག་ལ་བསམ་བློ་མ་གཏོང་མཁན་ཞིག་ཡོད་ཟེར་ན། ད་དེ་ཡིད་མ་ཆེས་པ་ཞིག་རེད། རྗེ་བཙུན་མི་ལ་རས་པ་ཟེར་བ་ཞིག་བྱུང་བ་རེད། དེ་འདྲ་པོ་ཡིན་ན་མ་གཏོགས། དགོས་དོན་ལ་བསམ་བློ་གཅིག་ཀྱང་མ་གཏོང་མཁན་ཞིག་ཡོང་གི་མ་རེད། ཡིན་ན་ཡང༌། ངས་དུས་རྒྱུན་ཟེར་གྱི་ཡོད། དང་པོ་གནས་སྐབས་བརྒྱད་ཅུ་ཐམ་པ་དེ་རང་གི་དོན་དག་བསམ་བློ་གཏོང་རོགས། ཉི་ཤུ་ཐམ་པ་དེ་སྐུ་མཁྱེན་བོད་ཟེར་བ་དེ་མ་བརྗེད་རོགས་གནང༌། དེ་ནས་ཉི་ཤུ་ཐམ་པ་ནས་ཡར་མང་དུ་མང་དུ་འགྲོ་གི་རེད། ཁོ་སློབ་སྦྱོང་ཟེར་བ་དེ་ཡོད་རེད་པ། སྔོན་ཆད་ཡིན་ན། ང་རང་ཚོ་བརྒྱ་ཐམ་པ་དེ་ང་རེད་པ། ངའི་དོན་དག ཡང་ན་ང༌། ཡང་ན་ངའི་དགོན་པ། ཡང་ན་ངའི་གྲོང་པ། ཡང་ན་ངའི་ཉེ་འབྲེལ་མ་གཏོགས་བོད་ཟེར་མཁན་ཡོད་མ་རེད། ལྷ་ས་བའི་གཏམ་དཔེ་དེ་འདྲའི་སྡུག་ཅག་ཅིག་ཡོད་རེད། བོད་ལ་བདེ་སྐྱིད་འབྱུང་ན་རྒྱལ་པོ་ཨ་ནེས་བྱེད་ན་བྱེད། སྡེ་བ་གཞུང་གི་ཇུས་གཏོགས་དེ་སྡེ་སྲིད་མགོ་ལེབ་ཀྱིས་བྱེད་ཀྱི་རེད། ང་རང་གཉིས་ཆང་འཐུང་ནས་སྡོད། སྡེ་སྲིད་སངས་རྒྱས་རྒྱ་མཚོས་བྱེད་ཀྱི་རེད་ཟེར་གྱི་ཡོད་རེད།
དེ་འདྲ་ཡིན་ཙང༌། བོད་ཟེར་བ་དེའི་སྐོར་ལ་ང་རང་ཚོས་དུས་དང་རྣམ་པ་ཀུན་ཏུ་བོད་འདི་འདྲའི་ཉག་ཕྲ་པོ་ཞིག་རེད་འདུག ང་རང་ཚོ་ཚང་མ་ཤ་རུས་གཅིག་པ་རེད། ཁ་ཤས་ལྷ་ས་ནས་རེད། ཁ་ཤས་ཨ་མདོ་ནས་རེད། ཁ་ཤས་ཁམས་ནས་རེད། ཁ་ཤས་འབྲོག་པ་རེད། ཁ་ཤས་ཞིང་པ་རེད། ང་ཚོས་ནང་སྐད་བརྡ་འཕྲོད་པ་ཡོད་རེད། སྐད་བརྡ་མི་འཕྲོད་པའང་ཡོད་རེད། ཚང་མ་ཕ་ཡུལ་གཅིག་པ་རེད། ང་ཚོས་ཕ་ཡུལ་མིང་ལ་ག་རེ་ཟེར་གྱི་རེད་ཟེར་ན། བ་ན་རོ་བོ་ད་བོད་ཟེར་གྱི་རེད། ནང་གསེས་ཀྱི་དབྱེ་བ་ཕྱེ་ན། ཡོང་གི་རེད། འཛམ་གླིང་གི་རྒྱལ་ཁབ་སུ་དང་སུ་ཡིན་ནའང༌། མི་རིགས་སུ་དང་སུ་ཡིན་ནའང་ནང་གསེས་ཀྱི་ས་ཆ་མང་པོ་ཞིག་ཡོད་རེད། ང་ཚོ་ཚང་མ་ཕ་ཡུལ་གཅིག་གི་མི་རེད། ཤ་ཁྲག་གཅིག་པའི་མི་རེད། རུས་པ་གཅིག་པའི་མི་རེད། ཤ་ལ་བརྒྱབ་ན་རུས་ལ་ན་ཟེར་བ་ཞིག་ཡོད་རེད། ང་ཚོའི་མི་རིགས་རྗེས་ལུས་ཐེབས་པ་ཡིན་ན་ང་ཚོ་ངོ་ཚ་གི་འདུག ཁྱོད་རང་རྣམས་པ་དེ་འདྲ་ཡིན་ནམ། དཔེར་ན། སྔོན་ཆད་ཧི་མ་ལ་ཡི་རི་རྩེ་ལ་མགོན་པོ་དང་ཨ་ཅག་པད་མཚོ་འཛེགས་ནས་ཁྱབ་བསྒྲགས་བྱེད་ཡོང་དུས་ང་ཚོ་དཔེ་དགའ་གི་མི་འདུག་གམ། ཏན་ཏན་དགའ་ཡོད་རེད། ཁྱོད་རང་རྣམས་པ་དགའ་ཡོད་རེད། ང་ཡང་ཞེ་དྲག་དགའ་པོ་བྱུང༌། ཨ་ཅག་པད་མཚོ་ལ་དགའ་བསུ་ཞུ་དུས་ཆེད་མངགས་དགའ་བསུ་ཞུ་ཁར་ཡང་འགྲོ་མྱོང༌། བྱས་ཙང་བྱས་རྗེས་ཕྲན་བུ་བྱུང་བ་དེ་ག་རེ་རེད་ཟེར་ན། དེ་ལ་མི་རིགས་ཀྱི་ལ་རྒྱ་ཡོད་པའི་རྟགས་ཟེར་གྱི་རེད། མི་རིགས་ཀྱི་ལ་རྒྱ་ཟེར་བ་དེ། དེ་འདྲའི་ཞིག་རེད་མ་གཏོགས། མི་རིགས་ཀྱི་ལ་རྒྱ་ཟེར་དུས། ཡིན་གཅིག་མིན་གཉིས་ཁུ་ཚུར་རུག་རུག་བྱས་ནས་ཡར་ལངས་ནས་རྒྱ་འདྲེ་བརྒྱབ་དགོས་པ་དང༌། གྲི་ཞིག་བཏོན་ནས་གཅིག་བྱེད་དགོས་པ་དེ་འདྲ་མ་རེད། དེ་མི་རིགས་ཀྱི་ལ་རྒྱ་མེད་པའི་རྟགས་རེད། དེ་འདྲ་བྱེད་མཁན་གྱི་མི་དེ་མི་རིགས་ཀྱི་ཞབས་འདྲེན་ཟེར་གྱི་རེད།
འདི་འདྲའི་རྗེས་ལུས་ཧ་ཅང་གི་ངན་པ་ལྷག་བསྡད་པ་འདི་ལ་རྒྱུ་མཚན་ཧ་ཅང་གི་མང་པོ་འདུག རྒྱུ་མཚན་ཁ་ཤས་ཤིག་བཤད་མ་བཤད་མི་འདུག རྒྱུ་མཚན་ཁ་ཤས་བཤད་ཀྱང་ཚར་ས་མིན་འདུག ཡིན་ན་ཡང༌། ཁྱོད་རྣམས་པ་ཚོ་ལ་མ་ཞུ་ཐབས་མེད་པའི་རྒྱུ་མཚན་གཉིས་འདུག ང་ཚོ་མདུན་དུ་གོམ་པ་གང་འགྲོ་མ་བཅུག ང་ཚོ་རྗེས་ལུས་ཡང་ལུས་སུ་ལྷག་སྡོད་དགོས་པའི་རྒྱུ་མཚན་གཙོ་བོ་གཅིག་ནི་གྲུབ་མཐའི་ཕྱོགས་རིས་ཟེར་བ་དེ་རེད། གྲུབ་མཐའི་ཕྱོགས་རིས་ཟེར་དུས་ཁོ་རང་ཆོས་ལུགས་ནང་བླ་མ་གྲྭ་པ་ཁ་ཤས་རི་སྒང་ལ་ཕྱིན་ནས་ཁོ་རང་ཚོ་རྩོད་པ་བརྒྱབ་བསྡད་ན་དེ་གནད་འགག་གང་ཡང་མི་འདུག ཡོད་མ་རེད། དེ་ང་རང་ཚོ་སྤྱི་ཚོགས་ཀྱི་ཆབ་སྲིད་ནང་མར་བསྲེས་ནས། སྲིད་དང་ཆོས་གཉིས་ཀ་བསྲེས་ནས། རྒད་པོ་རྒད་མོ་དེ་ཚོ་ཡང༌། ཕལ་ཆེར། དེ་དགེ་ལུགས་པ་རེད་ཟེར། དེ་བཀའ་བརྒྱུད་པ་རེད་ཟེར། དེ་ནས། མི་སེར་དང་མི་སེར་དབར་དཀྲུགས་ཤིང་བརྒྱབ། དེ་ནི་ངའི་ཁོངས་གཏོགས་རེད་ཟེར། དེ་ནི་ཁོའི་ཁོངས་གཏོགས་རེད་ཟེར། ངོ་ཅི་ནས་ཀྱང་ཚ་རྒྱུ་མེད་པ། མགོ་རུལ་ཚར་རེད་དེ་སྣ་ལ་དྲི་མ་བྲོ་གི་ཡོད་མ་རེད། མགོ་རུལ་བ་སྣ་ལ་མི་བྲོ་ཟེར། དེ་ལ་ཟེར་གྱི་ཡོད་པ་རེད། དེ་ནས་རྒྱ་འདྲེ་རྒྱག་བཅུག ཁོ་རང་ཚོ་བླ་མ་ཁ་ཤས་ཤིག་རྩོད་པ་ག་ཚད་བརྒྱབ་ན་བརྒྱབ། རྒད་པོ་རྒད་མོ་དེ་ཚོ་ཡང་དེའི་མཉམ་དུ་ཁྲིད་ཡོང༌། དེ་ནས་འཛིངས་བཅུག ཨོ་འོ། དེ་ནས་ང་ཚོ་ལ་གྱོང་གཅིག་རག་གི་ཡོད་རེད།
གཅིག་དེ་ག་རེ་རེད་ཟེར་ན། ས་ཁུལ་གྱི་ཕྱོགས་འཐེན། ཧིམ། དེ་ག་རེ་རེད་ཟེར་ན། དེ་ནས་ཁོ་ཁམས་པ་རེད་ཟེར། ཁམས་པའི་ཨམ་མཆོག་རྐུབ་ལ་ཡོད་རེད། རྐུབ་ལ་རྟ་ལྕགས་ཤིག་བཞུ་ན་དེ་ནས་ཁམས་པ་སྐད་བརྒྱབ་ཀྱི་རེད། ཁམས་པས་ཁ་ལ་ཉན་གྱི་མ་རེད་ཟེར། ཁམས་པ་དེ་ཚོས། ཧ། ཁོ་དབུས་པ་སྐྱག་གོག དབུས་པ་ཟེར་བ་དེ་ལ་ཡོད་མ་རེད་ཟེར། གང་ལྟར་གཅིག་གིས་གཅིག་ལ་ངར་ནས། བོད་པ་འདི་འདྲ་ཤ་སྟག་འདུག དེ་ཙམ་མ་ཟད། འབྲོག་པས་ཟེར་ན། རོང་པ་ར་སྐྱག ར་འོ་བ་འོ་འཐུང་མཁན། ར་ཤ་བ་ཤ་ཟ་མཁན། རོང་པ་ར་སྐྱག་ཟེར། རོང་པ་དེ་ཚོས་འབྲོག་པ་དེ་ཚོ་ལ་དེ་ལས་སྡུག་ཙམ་ཞིག་བཤད། རོང་པ་འབྲོག་པ་བར་ལ་དེ་འདྲ་བྱེད་ཀྱི་ཡོད་རེད། །
No comments:
Post a Comment