ད་ཆ་བལ་ཡུལ་མངའ་འོག་ཏུ་ཡོད་པའི་ཧི་མ་ལ་ཡའི་རི་རྒྱུད་བཙུན་པ་བསོད་ནམས་རིན་ཆེན་གྱི་མི་ཚེ་དང་འབྲེལ་བའི་གནས་སྟངས་འགའ་དང། དེ་བཞིན་ཁོང་གི་ཡུལ་ལུང་སོགས་ཀྱི་སྐོར་ལ་ཁ་བརྡ་བྱས་པར་གསུངས་དོན།
ང་རང་ཕྱི་ལོ་ ༡༩༥༠ ལོར་བལ་ཡུལ་མངའ་འོག་ཧི་མ་ལ་ཡ་རི་རྒྱུད་བཙུན་སྟོད་སྤང་མདུན་གྲོང་པའི་ནང་དུ་སྐྱེས་པ་རེད། རང་ལོ་བཅུ་དྲུག་ཟིན་དུས་བལ་ཡུལ་ཡོལ་མོ་དཀར་རྒྱུད་དགོན་དུ་ལོ་བཞིའི་རིང་གྲྭ་པ་བྱས་པ་ཡིན། རང་ལོ་བཅུ་དགུ་ནས་ད་ལྟ་རང་ལོ་རེ་གཅིག་བར་དུ་༸དཔལ་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་སྔ་ཕྱི་གཉིས་ཀྱི་ཞབས་ཕྱི་ཞུས་དང་ཞུ་བཞིན་པ་ཡིན།
ང་རང་ལ་བུ་གསུམ་དང་བུ་མོ་གཉིས་ཡོད་པར་བུ་གསུམ་གྲྭ་པ་ཡིན། བུ་མོ་ཆུང་བ་དེ་བུ་ཁྱིམ་སློབ་གྲྭ་མཐར་ཕྱིན་ཡིག་རྒྱུགས་ཡག་པོ་ལོན་ཏེ་ད་ལྟ་བུ་ཁྱིམ་ནས་འགྲོ་སོང་བཏང་ནས་མཐོ་སློབ་ལོ་རིམ་གཉིས་པའི་ནང་དུ་སློབ་སྦྱོང་བྱེད་མུས་ཡིན། ང་རང་རང་ལོ་བཅུ་དགུ་ནས་ཕ་ཡུལ་ནས་ཁ་བྲལ་རྗེས་ད་ལྟ་རང་ལོ་རེ་གཅིག་བར་དུ་ཕ་ཡུལ་ལ་གཅིག་ཀྱང་སླེབས་ཐུབ་མ་སོང། མ་འོངས་པ་ལའང་སླེབས་ས་མ་རེད།
བཙུན་ལ་བཙུན་སྟོད་དང་བཙུན་སྨད་གཉིས་དང། བཙུན་སྟོད་ལ་ཚོ་ཁག་གསུམ། བཙུན་སྨད་ལ་ཚོ་ཁག་བརྒྱད་བཅས་བཙུན་ལ་ཚོ་ཁག་བཅུ་གསུམ་ཞེས་ཟེར་གྱི་ཡོད་པ་རེད། བལ་ཡུལ་རྒྱལ་ས་ནས་ཡར་འགྲོ་ན་ཨ་རུ་སྒར་ཟེར་ས་རོང་པའི་ས་ཆ་དེ་བར་དུ་རླངས་འཁོར་དང། དེ་ནས་གོམ་པ་བརྒྱབ་ཏེ་ཕྱིན་ན་དེང་སང་ཁྱོན་བསྡོམས་ཉི་མ་གསུམ་བཞི་ཙམ་གྱིས་སླེབས་འགྲོ་གི་ཡོད་འདུག བཙུན་བར་དུ་འཁོར་ལམ་ད་ལྟའང་མི་འདུག ཆུ་གློག་ཀྱང་མི་འདུག སྐམ་གློག་སྦར་ནས་སྡོད་ཡོད་འདུག སྔོན་མ་ང་ཚོའི་སྐབས་སུ་དོ་པོ་འཁྱེར་ནས་གོམ་པ་རྒྱག་དུས་བལ་ཡུལ་ནས་ཉི་མ་བཅུ་གསུམ་ཙམ་འགྲོ་དགོས་ཀྱི་རེད། བཙུན་གྱི་ལ་རྒྱབ་ཏུ་ཕར་སོང་ན་རྫོང་དགའ་ལ་ཐུག་སྡོད་ཀྱི་རེད།
དེང་སང་བཙུན་ལ་བལ་ཡུལ་གཞུང་གི་སློབ་གྲྭ་བཙུག་ཡོད་ས་རེད། སློབ་གྲྭ་ཁག་ཏུ་ང་ཚོའི་བྷོ་ཊི་སྐད་ཡིག་ཀྱང་སློབ་ཀྱི་ཡོད་འདུག ངའི་སྐབས་སུ་འཚོ་བརྟེན་གཙོ་བོ་ལྤགས་རིགས་ཚོང་རྒྱུ་དང། མང་ཆེ་བ་རྫོང་དགའ་དང་འབོང་པ་ཕྱོགས་ནས་ཚ་བླངས་ཏེ་ཚ་ཚོང་རྒྱག་གི་རེད། ང་ཚོ་བོད་ཀྱི་ཚ་དེ་རང་རེད། དེང་སང་ང་ཚོ་སྔོན་མའི་ཚ་དེ་ལེན་བཅུག་གི་ཡོད་མི་འདུག རྒྱ་ཚ་རྐྱང་ཟ་གི་ཡོད་འདུག ཕྱི་ལོ་ ༢༠༠༨ ཨོ་ལོན་པི་རྩེད་འགྲན་སྐབས་ནས་ང་ཚོའི་ཡུལ་མི་བོད་དུ་འགྲོ་ཆོག་གི་མི་འདུག་ཟེར། ས་འཚམས་ལ་རྟ་པའི་ཉིན་ལམ་གཅིག་གི་ས་ཁྱོན་ཙམ་བཀག་ཚར་འདུག་ཟེར་གྱི་འདུག ད་རྫོང་དགའ་ལ་འགྲོ་ཆོག་གི་མི་འདུག
ང་ཚོའི་སྒོ་ཕྱུགས་ནི་བཙུན་སྟོད་ཕྱོགས་སུ་གཡག་དང་འབྲི། རྟ་དང་ར་ལུག།སྨད་པའི་ཕྱོགས་སུ་བ་གླང། མཛོ་དང་མཛོ་མོ་བཅས་ཡོད་རེད། ང་ཚོའི་ཆས་གོས་སྔོན་མ་བོད་ཀྱི་རྒྱལ་པའི་ཆས་ནང་བཞིན་ཡོད་རེད། བུ་དེ་ཚོ་མགོ་ལ་སྐྲ་ཞུག་རྒྱག་གི་ཡོད་པ་རེད། ཞྭ་མོ་ཅང་འདའ་ཟེར་བ་དང། སོག་ཞྭ། ཚེ་རིང་ཞྭ་མོ་སོགས་ཞྭ་མོ་འདྲ་མི་འདྲ་ཡོད་རེད།
ང་ཚོའི་སྐབས་སུ་ཤ་ཟ་བའི་ལུགས་སྲོལ་ཆེན་པོ་ཡོད་མ་རེད། རི་དྭགས་རྒྱག་ཆོག་གི་མ་རེད་ལ་སྒོ་ཕྱུགས་ཀྱང་གསོད་ཆོག་གི་མ་རེད། མཛོ་མཛོ་མོ། འབྲི་གཡག་སོགས་རང་བཞིན་གྱིས་ཤི་གོད་བྱུང་སོང་ན་ཤ་ཟ་ཆོག་གི་རེད། གཞན་སྒོ་ཕྱུགས་དང་རི་དྭགས་གཅིག་རྐྱང་གསོད་ཆོག་གི་མ་རེད། བསད་པ་ཡིན་ན་ཊམ་ཀ་ལྔ་བརྒྱ་རེ་ཆད་པ་འཇལ་དགོས་ཀྱི་རེད། དེ་འདྲ་སོང་ཙང། ང་ཚོའི་ཡུལ་དུ་རི་དྭགས་གཉན་ཡོད་རེད། གླ་བ། གནའ་བ། དོམ། གཟིག དྲེད་མོང། གཞན་ཡང་རི་དྭགས་རྭ་ཅོ་དམར་པོ་དེ་འདྲ་བརྒྱ་ཙམ། བརྒྱ་དང་ལྔ་བཅུ་ཙམ་དེ་འདྲ་ཁྱུ་ནས་ཁྱུ་བྱས་ཏེ་ཡོང་གི་རེད། གསོད་མི་ཆོག་པ་ཡིན་ཙང། ཞིང་ཁའི་འགྲམ་དུ་མི་ཞིག་ལང་ན་མ་གཏོགས་རི་དྭགས་དེ་ཚོས་ཞིང་ཁའི་ལོ་ཏོག་ཟ་འགྲོ་གི་རེད། ཁ་དམའ་སའི་ཕྱོགས་སུ་ཡང་དོམ་གྱིས་མ་རྨོས་ལོ་ཏོག་ཟ་འགྲོ་གི་རེད།
རི་དྭགས་གསོད་མི་ཆོག་པར་བཟོ་མཁན་སྔོན་མ་དགེ་བཤེས་ཤེས་རབ་ཟེར་བའི་འབྲུག་པ་དཀར་རྒྱུད་ཀྱི་བླ་མ་ཞིག་ཕེབས་ཏེ་བཟོས་གནང་འདུག ཁོང་སེ་འབྲས་དགེ་གསུམ་གང་ནས་ཡིན་ནམ་དགེ་བཤེས་ལྷ་རམ་པའི་མཚན་རྟགས་བཞེས་ཏེ་ང་ཚོའི་ཡུལ་དུ་ཕེབས་ཡོང་བ་རེད། ཁོང་གི་ཕ་ཡུལ་འབྲུག་ནས་རེད་འདུག ང་ཚོའི་ཡུལ་གྱི་དགོན་པ་ཆེ་ཤོས་གཙང་དགོན་ཟེར་བ་དེ་རེད། དགོན་པ་གཞན་པ་སྔགས་འཆང་དགོན་པ་དེ་འདྲ་རེད་འདུག་ཅེས་གསུངས་བྱུང།།
No comments:
Post a Comment