Tuesday, December 28, 2010

ཧི་མ་ལ་ཡའི་རི་རྒྱུད་སྤི་ཏི་དཀར་མཛེས་ལ་ཁྲོམ་སྐོར།

འདི་ལོའི་ཕྱི་ཟླ་ ༡༡ པའི་ཕྱི་ཚེས་ ༠༡ ཡི་ཉིན་རྒྱབ་ཧི་མ་ལ་ཡའི་རིའི་རྒྱུད་སྤི་ཏིའི་གྲོང་བརྡལ་ལྟེ་གནས་དཀར་མཛེས་ཡུལ་དུ་མི་མང་ཁག་ཅིག་གིས་འཕྲེད་དར་འཁྱེར་ཏེ་ཁྲོམ་སྐོར་བྱས་ཡོད་པ་རེད།
ཁྲོམ་སྐོར་བྱེད་དོན་ནི། འདི་ལོའི་ཕྱི་ཟླ་ ༠༧ པའི་ཟླ་མཇུག་ཏུ་ལྕམ་སོ་ནི་ཡ་གནྡྷི་མཆོག་མ་ན་ལཱི་རུ་ཕེབས་དུས་ཧི་མ་ལ་ཡའི་མི་སྣ་ཁག་ཅིག་ལྕམ་སྐུ་མཆོག་གི་མདུན་དུ་བཅར་ཏེ། དང་པོ། ཕ་མེས་ནས་དར་བའི་ཧི་མ་ལ་ཡའི་བྷོ་ཊི་སྐད་ཡིག་འདི་ཉིད་རྒྱ་གར་མངའ་སྡེ་གཞན་པའི་སྐད་ཡིག་ལྟར་རྒྱ་གར་དབུས་གཞུང་གིས་ངོས་ལེན་གནང་སྐྱོང་ཡོང་བ་དང། གཉིས་པ། སྤི་ཏི་ལ་སྔར་ནས་ལས་འཆར་ཡོད་པ་ལྟར་གནམ་ཐང་ཞིག་ལས་རྒྱུའི་མཇུག་སྐྱོང། གསུམ་པ། རྟ་གླིང་ནས་ལ་དྭགས་བར་གཞུང་ལམ་ཆེན་མོ་ལས་རྒྱུའི་སྙན་ཞུ། བཞི་པ། རོ་ཐང་ལ་རྩ་ཚ་ཐང་ (Garampur) ནས་སུམ་མདོའི་བར་དུ་ད་ལྟ་མངའ་སྡེའི་གཞུང་ལམ་མ་གཏོགས་མེད་པས། སྤི་ཏི་སུམ་མདོའི་གཞུང་ལམ་ཨང་ ༢༡ པ་དང། གར་ཞྭའི་གཞུང་ལམ་ཨང་ ༢༢ པ་གཉིས་རྒྱ་གར་དབུས་གཞུང་གིས་ངོས་ལེན་ཡོད་པའི་གཞུང་ལམ་གཉིས་མཐུད་རོགས་གྱིས་ཞེས་སྙན་ཞུ་དོན་ཚན་བཞི་ཅན་ཞིག་ཕུལ་ཡོད་འདུག་པར། འདི་ལོའི་ཕྱི་ཟླ་ ༡༠ པའི་ཟླ་མཇུག་ཙམ་ལ་ལྕམ་སྐུ་སོ་ནི་ཡ་གནྡྷི་མཆོག་ནས་སྤི་ཏིའི་ཕྱོགས་སུ་སྔར་ལས་ལམ་རྒྱ་ཆེ་བའི་གཞུང་ལམ་ཆེན་མོ་ལས་རྒྱུའི་སྐོར་བཀའ་ཁྲོལ་ཕེབས་ཡོད་འདུག
ལམ་ལས་ཀྱི་གནས་ཚུལ་དེ་ཉིད་གསར་ལམ་བརྒྱུད་ནས་ཁྱབ་བསྒྲགས་བྱུང་རྗེས་ཡུལ་མི་འགའ་ཤས་ནས་གཞུང་ལམ་ལས་རྒྱུ་དེའི་སྐོར་དགའ་བྱ་ཡོད་ཚུལ་ཤོད་མཁན་བྱུང་ཡོད་ཚོད་ཀྱིས། ད་ཐེངས་མི་མང་འདི་དག་དཀར་མཛེས་གྲོང་བརྡལ་དཀྱིལ་དང། ལས་ཁུངས་ཁག སློབ་གྲྭ་ཁག་བཅས་ཀྱི་མདུན་དུ་གཞུང་ལམ་ལས་ན་ཁེ་ཕན་ཆེ་བའི་སྐོར་ལ་སྐད་འབོད་ཁྱབ་བསྒྲགས་ཁྲོམ་སྐོར་བྱས་ཡོད་པ་དང། སྐད་འབོད་བྱེད་མཁན་མི་མང་གྲངས་ཀ་ལྔ་བཅུ་ཙམ་ཡོད་འདུག། ཁྲོམ་སྐོར་ཟིན་རྗེས་དཀར་མཛེས་གྲོང་བརྡལ་ལྟེ་གནས་སུ་འདུ་འཛོམས་ཀྱིས་མི་མང་ལ་གཞུང་ལམ་གྱི་གནད་དོན་སྐོར་གཏམ་བཤད་ཀྱང་བྱས་ཡོད་འདུག།།

1 comment:

  1. ཐུགས་རྗེ་ཆེས་ཞུ༑ ཁེ་ན་དྲ་ནས་བཀྲིས་ཚེ་རིང་ཡིན༑

    ReplyDelete