Saturday, February 19, 2011

༸རྒྱལ་དབང་དྲུག་པ་རིན་ཆེན་ཚངས་དབྱངས་རྒྱ་མཚོའི་འཁྲུངས་གཞིས།

ྋརྒྱལ་དབང་སྐུ་ཕྲེང་དྲུག་པ་རིན་ཆེན་ཚངས་དབྱངས་རྒྱ་མཚོའི་འཁྲུངས་གཞིས་འདི་ནི་མོན་ཡུལ་རྟ་དབང་དགོན་གྱི་རི་གདོང་གཤམ་འོག་ཉེ་ཕྱོགས་ཨུ་རྒྱན་གླིང་ཞེས་པར་ཡོད། འཁྲུངས་གཞིས་འདིའི་རྒྱབ་ཟུར་གོ་རའི་ནང་དུ་ཤིང་སྡོང་ཆེན་པོ་གཉིས་ཡོད་ཅིང༌། ཤོད་སྲོལ་ལ་དེ་གཉིས་ྋརྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་འཁར་རྒྱུག་ཡིན་པ་དང༌། ཐོག་མར་ས་གནས་དེའི་ཕྱོགས་སུ་ཤིང་སྡོང་ཆེན་པོ་གསུམ་ཙམ་ཡོད་ཀྱང༌། ཤིང་སྡོང་གཅིག་ཕྱི་ལོ་ ༡༩༥༩ ལོར་བོད་ལ་རྒྱ་བོ་ཡོང་ཁར་རྟགས་ཚན་ངན་པ་ལྟ་བུས་ཆག་སོང་བ་རེད་ཅེས་དང༌། ྋརྒྱལ་དབང་དྲུག་པ་མཆོག་གི་ཞལ་ཆེམས་ནང་དུ་འཁར་རྒྱུག་བཙུགས་པའི་ཤིང་སྡོང་དེ་ཉིད་འཁྲུངས་གཞིས་ཁང་པ་འདི་ལ་ག་དུས་ཐུག་བྱུང་ན། དེའི་དུས་སུ་ང་འདི་རུ་སླེབས་ཡོང་ཞེས་པའི་ཞལ་ཆེམས་ཡོད་ཚུལ་ཤོད་སྲོལ་འདུག་པ་ལྟར། ཤིང་སྡོང་གཅིག་གི་སྣེ་མོ་ཕྱི་ལོ་ ༡༩༥༩ ལོར་འཁྲུངས་ཁང་གི་ཐོག་སྣེ་ལ་ཐུག་ཡོད་ཅིང༌། ལོ་དེར་ྋརྒྱལ་དབང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་མོན་ཡུལ་ལ་ཕེབས་ཡོད་པ་རེད་ཅེས་ཡུལ་མི་རྣམས་ཀྱིས་ཤོད་སྲོལ་འདུག
ྋརྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་འཁྲུངས་གཞིས་དེ་ཉིད་ཕྱི་ལོ་ ༡༤༨༧ ཡས་མས་ཙམ་ལ་གཏེར་གཏོན་པདྨ་གླིང་པའི་ནུ་བོ་ཆུང་ཤོས་ཨོ་རྒྱན་བཟང་པོ་ཞུ་བ་ཁོང་གིས་བཞེངས་བའི་སྐོར་ཡིག་ཆ་ཁག་ཏུ་གསལ་བ་དང། རྒྱུ་མཚན་དེའི་དབང་གིས། དེང་སང་ལྷ་ཁང་གི་རྣམ་པ་བཟོས་ཏེ་འཁྲུངས་ཁང་འདི་ལ་ཨོ་རྒྱན་གླིང་ཞེས་ཞུ་གི་ཡོད་པ་དང། དེའི་ནང་དུ་དཀོར་གཉེར་ཞིག་ཀྱང་བཞག་ཡོད་པ་རེད།
ལྷ་ཁང་དེའི་ཐོག་ཁང་སྦུག་དཀྱིལ་དུ་གཙོ་བོ་ཤཱཀྱ་ཐུབ་པའི་སྐུ་འདྲ་དང༌། རྗེ་ཡབ་སྲས་གསུམ་གྱི་སྐུ་འདྲ་སོགས་སྐུ་འདྲ་ཁག་ཅིག་དང༌། རྡོའི་ངོས་ལ་བཞག་པའི་ྋརྒྱལ་དབང་ཚངས་དབྱངས་རྒྱ་མཚོ་མཆོག་གི་དབུ་རྗེས་དང་ཞབས་རྗེས། རས་ཐོག་ཏུ་བཞག་པའི་ྋརྒྱལ་དབང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་གི་ཕྱག་རྗེས། ལོག་ངོས་གཡས་གཡོན་སྟོད་ཕྱོགས་སུ་ྋརྒྱལ་དབང་སྐུ་ཕྲེང་དང་པོ་ནས་བཅུ་བཞིའི་བར་གྱི་སྐུ་ཐང༌། གྱང་གི་ལོག་སྨད་ལ་ྋརྒྱལ་དབང་ཚངས་དབྱངས་རྒྱ་མཚོ་མཆོག་གི་ཡབ་ཡུམ་གཉིས་ཀྱི་འདྲ་སྐུ་ལྡེབས་རིས་སོགས་བྲིས་འདུག འོག་ཁང་དུ་མཆོད་རྟེན་ཆ་བརྒྱད། རྡོ་སྐས་འོག་ཏུ་ྋརྒྱལ་དབང་ཚངས་དབྱངས་རྒྱ་མཚོ་མཆོག་གི་མ་ཡུམ་གྱིས་འཆུ་བའི་ཆུ་མིག་བཅས་མཇལ་རྒྱུ་དང་བཏུང་རྒྱུ་ཡོད་པ་རེད།
གཞུང་ཡིག་ནང་དུ་བྲིས་པ་དང་ྋརྒྱལ་དབང་ཚངས་དབྱངས་རྒྱ་མཚོ་མཆོག་གི་གསང་བའི་རྣམ་ཐར་ནང་དུ་བྲིས་པ། དུས་རྒྱུན་མི་མང་གིས་ཤོད་རྒྱུན་སོགས་གང་ཅིའི་ཐད་ནས་ཁོང་གི་སྐུ་ཚེ་སྨད་ཀྱི་རྣམ་ཐར་གྱི་ཆ་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད་ཅིང༌། དོན་དམ་ལ་རྣམ་ཐར་གང་ཞིག་ཡིན་མིན་བདག་ལྟ་བུས་ཁ་ཚོན་གཅོད་ཚོད་མི་ཐིག་ཀྱང༌། སྐུ་ངོ་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་མཆོག་གིས་བྲིས་པའི་བོད་ཀྱི་སྲིད་དོན་རྒྱལ་རབས་ནང་གང་འཁོད་པ་སྐབས་བབ་མཁོ་བསྡུ་བྱེད་ན། བོད་ཀྱི་སྲིད་དོན་རྒྱལ་རབས་སྟོད་ཆའི་ཤོག་གྲངས་ ༤༦༥ ཡི་ནང་དུ།
སྡེ་སྲིད་རིན་པོ་ཆེ་ནས། ཡང་སྲིད་ཀྱང་རྩད་གཅོད་བྱེད་པར་ཐུགས་བློས་འཁེལ་བའི་མི་སྣ་ཚོས་རྗེ་ཟིལ་གནོན་རྡོ་རྗེ་དང༌། རྡོ་པ་བསོད་ནམས་རྒྱལ་མཚན་གཉིས་སོགས་གཏོང་གནང་གིས་ཕྱི་རྒྱར་གནས་ཆེན་ཁག་ལ་བོད་ཁམས་བདེ་ཐབས་ཞབས་རིམ་སྒྲུབ་པ་དང༌། སྡིང་པོ་ཆེ་ངག་དབང་སྙན་གྲགས་དཔལ་བཟང་པོ་དང༌། ཤར་ཁང་ནོ་མི་ཧན་གྱི་སྐུ་སྐྱེ་རྩད་གཅོད་ཡིན་པ་ལྟར་བྱས་ཏེ་འགྲོ་གི་ཡོད་པ། རྟ་དབང་བླ་མ་དང༌། ཨ་ཡས་གདོང་པའི་བླ་མ་སངས་རྒྱས། མཚོ་སྣ་རྡོང་སྡོད་རྒྱ་ཡག་པ་དང༌། སྤོ་ཤོད་པ་གཉིས་བཅས་ནས་སྔ་རྗེས་སྙན་ཞུ་ཕུལ་འབྱོར་དུ། མོན་ལ་འོག་ཡུལ་གསུམ་དུ། ཡབ་སྔགས་རྒྱུད་རིགས་འཛིན་བཀྲ་ཤིས་བསྟན་འཛིན་དང༌། ཡུམ་ཚེ་དབང་ལྷ་མོ་གཉིས་ལ་ཆུ་ཕག ༡༦༨༣ ཟླ་ ༣ ཚེས་ ༡ ཉིན་སྐུ་བལྟམས་པའི་སྤྲུལ་སྐུ་ངོ་མཚར་ཅན་ཞིག་ཡོད་ཚུལ་གསལ་བ་ལྟར། ཆོས་རྗེ་ཟིལ་གནོན་རྡོ་རྗེ་ཅན་ནས་མངོན་ཆུང་བརྟག་དཔྱད་ངོས་འཛིན་ཞུས་པར་ཡིད་ཆེས་གསལ་པོ་རྙེད་པ་དང༌། སྡེ་སྲིད་མཆོག་ནས་བླ་ལྷར་གསང་ལུང་ཕུལ་བ་དང༌། ཟན་བརྟག་བཅས་ལ་རྩེ་མཐུན་བཟང་ཕེབས་བྱུང་བར་འཁྲུངས་ཡུལ་ལྷོ་འབྲུག་དང་ས་ཁད་ཉེ་བས་འགལ་རྐྱེན་འགྱུར་དོགས་དང༌། ཕྱི་རྒྱར་གསང་སྒོ་དམ་པས་སྡིང་པོ་ཆེའི་སྤྲུལ་སྐུར་ཐུགས་དོགས་ཡོད་ཚུལ་དང༌། སྒྲ་སྦིར་གང་ཆུང་ཐོག་ནས་འཕྲལ་དུ་མཚོ་སྣར་གདན་ཞུས་ཀྱིས་སྤྱང་གྲུང་སྦི་གསང་གང་ཆེ་དགོས་ཚུལ་བཀའ་རྒྱ་དང༌། བྱིན་རྟེན་སོགས་གནང་བར་མཚོ་སྣ་རྫོང་སྡོད་གཉིས་ནས་ལམ་སེང་མཚོ་སྣར་གདན་ཞུས་ཀྱིས་བཀོད་རྒྱར་གོ་བ་ལོག་བསྒྲུབས་བྱས་ཏེ་ཡབ་ཡུམ་སྲས་བཅས་དོ་དམ་གང་ཆེས་བཟང་བཙོན་ལྟ་བུར་རྒྱུན་རིང་བཞག་པས་སྐུ་མཉེལ་འོ་བརྒྱལ་ཆེ་བ་བྱུང་ཡང༌། རྗེས་སུ་སྡིང་ཆེ་ྋརྒྱལ་དབང་མཆོག་གི་དབུ་བླར་བརྟེན་དེར་ངོས་འཛིན་གནང་སྟེ་ཡབ་ཡུམ་སྲས་བཅས་སྐུ་མཉེལ་མི་འབྱུང་བའི་ཞབས་འདེགས་ཞུ་དགོས་མཚོ་སྣ་རྫོང་སྡོད་གཉིས་ལ་བཀོད་རྒྱ་དང༌། ཡབ་ཡུམ་ལ་ཟུར་ཆས། དེ་ནས་རིམ་བཞིན་ཞབས་འབྲིང་ཆེད་འཛུགས་དང༌། དྲུང་ཚོ་ནམ་མཁའ་ཆོས་ལྡན་ཀ་ཁ་ནས་བཟུངས་ཞལ་འདོན། ཆོས་སྤྱོད་སོགས་སྒྲོན་པར་ཆེད་གཏོང་གནང༌། ཞེས་དང༌། ཤོག་གྲངས་ ༤༦༨ པར། ཡང་སྲིད་རིན་པོ་ཆེ་ཡབ་ཡུམ་བཅས་མེ་གླང་ ༡༦༩༧ ཟླ་ ༤ ཚེས་ ༡༥ ཉིན་གསང་རྒྱའི་སྟབས་སྐྱ་དར་སོགས་ཧ་ཅང་རྒྱས་པ་མ་ཡིན་པའི་ཆིབས་རག་རྟ་སྤུངས་ཀྱི་ཚུལ་དུ་མཚོ་སྣ་ནས་ཕེབས་ཐོན་གྱིས། སྣ་དཀར་རྩེར་སྐུ་ྋགོང་མའི་སྐུ་ཞང་ཡར་འབྲོག་ཁྲི་དཔོན་གྱི་གཟིམ་ཁང་དུ་གདན་འདྲེན་ཞུས། ཕྱོགས་མཚུངས་ཟླ་ ༨ ཚེས་ ༢༩ ཉིན་རྩེའི་ཚོམས་ཆེན་རྙིང་པར་སྲིད་སྐྱོང་གི་དྲུག་ཡིག་བསྟན་འཛིན་དབང་པོ་དང༌། དཀོན་མཆོག་རབ་བརྟན་ནས་སེ་འབྲས་ཀྱི་སློབ་དཔོན་ཁྲི་གདན་ཟུར། ཚོམས་ཆེན་སྟེང་དུ་ཆ་དཀར་པ་པདྨ་བསོད་ནམས་ནས་གཞུང་ཞབས་སེར་སྐྱ། འབྲས་སྤུངས་སུ་ཆ་དཀར་བ་པདྨ་བསོད་ནམས་དང༌། གྲ་ནང་པདྨ་ཚེ་རིང༌། སེ་རར་ལྷ་ཁང་པ་རྡོ་རྗེ་ནོར་བུ་དང༌། འབྲང་རྒྱས་ཤག་པ་ཕྱག་རྡོར་དཔལ་འབར། དགའ་ལྡན་དུ་ཆུ་ཤུར་དབུ་བཞི་བ་དང༌། མེ་ཏོག་ལྡུམ་རྭའི་ཐང་དུ་ལྷ་ས་བ་ཚང་མ་འཛོམས་སར་མི་དཔོན་ཞང་གྲོང་པ་རྡོ་རྗེ་དང༌། ཤར་བཀྲ་ཤིས་བཅས་ནས་ལྔ་པ་དྲུག་པར་འཕོས་པའི་གཏམ་རྣ་བའི་བཅུད་ལེན་རྒྱས་བསྡུས་ཐོག་ནས་གསང་བཀྲོལ་ལེགས་པར་མཛད། ཅེས་དང༌། བཀྲ་ཤིས་ལྷུན་པོ་ནས་དཔོན་སློབ་པཎ་ཆེན་རིན་པོ་བློ་བཟང་ཡེ་ཤེས་སྣ་དཀར་རྩེར་གདན་དྲངས་ཏེ་མེ་གླང་ ༡༦༩༧ ཟླ་ ༩ ཚེས་ ༡༧ ཉིན་གཟིམ་ཆུང་བསྟན་འཛིན་ཕོ་བྲང་དུ་མཇལ་འཛོམས་ཐོག རབ་བྱུང་གི་སྡོམ་བཞེས་གནང་སྟེ། མཚན་བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོ་ཞེས་གསོལ་བ་དང༌། སྡེ་སྲིད་ཀྱི་རིགས་སྲས་ངག་དབང་བསམ་གཏན་ཞབས་ཕྱི་ནང་འཁོར་བ་དང༌། དྲུང་འཚོ་དར་མོ་བ་དང༌། ལྐོག་པ་ཕུན་ཚོགས་དབང་པོ་གཉིས་ལ་མགྲོན་གཉེར་དང༌། དྲུག་ཡིག་སྦྲགས་མ། འབྲི་ལུང་པ་བློ་བཟང་དཔལ་འབྱོར་གསོལ་དཔོན། མགྲོན་གཉེར་རྟ་ར་མདོ་པ། གཉེར་པ་ལྷ་ས་རག་པ་བཅས་བསྐོ་བཞག་གིས་སྣ་རྩེར་བརྫོང་བདའ་དང༌། བཞུགས་སྒར། དགའ་སྟོན་གྱི་བཅའ་སྒྲིག་རྣམས་བཀའ་ཤག་སོགས་ལ་བཀོད་འདོམས་གནང་སྟེ། གང་ཅིའི་གྲ་སྒྲིག་བྱེད་གཙོ་བཀའ་ཤག་པ་དར་བྱུང་དགྲ་འདུལ་རབ་བརྟན་སོགས་ལ་བསྐོ་གཞག་དང་འབྲེལ་སྒྲ་ཆེན་འཛམ་གླིང་རྒྱན་གཅིག་སྙེ་ཐང་བཀྲ་ཤིས་སྒང་དུ་ཕུབས་ཏེ་སྒར་སྒྲིག་རྒྱས་པ་བཅས་ལེགས་པར་གནང༌། ཟླ་ ༩ ཚེས་ ༢༡ ཆིབས་རག་རྒྱས་པ་དང་བཅས་སྣ་དཀར་རྩེ་ནས་ཕེབས་ཐོན་གྱིས་ཚེས་ ༢༧ ཉིན་སྙེ་ཐང་དུ་ཕེབས་སྐབས། སྡེ་སྲིད་རིན་པོ་ཆེ་དང༌། བསྟན་འཛིན་ད་ཡན་རྒྱལ་པོ། སྐྱིད་ཤོད། རྒྱ་རི་སོགས་མི་དྲག་དང༌། གདན་སའི་བླ་སྤྲུལ། གཞུང་ཞབས་སེར་སྐྱ་བཅས་ཀྱི་ཕེབས་བསུ་དང་བཅས་མཇལ་གུར་གུར་ཆེན་བཀྲ་ཤིས་ཕུན་ཚོགས་ཀྱི་བཞུགས་ཁྲིར་ཞབས་སོར་འཁོད་པ་དང་ལྷན་ཅིག སྡེ་སྲིད་རིན་པོ་ཆེ་ནས་མན་ཌལ་ལྗགས་བཤད་དང་ཆབས་ཅིག་སྐུ་གོང་མའི་ཞལ་ཆེམས་ནས་བཟུངས། གསང་རྒྱ་གནང་དགོས་པའི་གནད་དོན་ཡོངས་རྫོགས་ཐོག ད་ཆ་ཡང་སྲིད་རིན་པོ་ཆེ་འཁྲུལ་བྲལ་ངེས་རྙེད་བྱུང་སྟེ་གསེར་ཁྲིར་མངའ་གསོལ་མཛད་རྒྱུ་བཅས་ཀྱི་ལྗགས་བཤད་རྒྱས་པ་གནང༌། སྙེ་ཐང་དུ་ཟླ་བ་གཅིག་ལྷག་ཙམ་བཅའ་བཞུགས་མཛད་དེ་ཟླ་ ༡༠ ཚེས་ ༢༤ ཉིན་སྙེ་ཐང་ནས་ཕེབས་ཐོན་གྱིས་སྐྱིད་ཚལ་ཀླུ་སྡིང་བཞུགས་སྒར་དུ་བཞུགས་ཞག་དང༌། མེ་གླང་ ༡༦༩༧ ཟླ་ ༡༠ ཚེས་ ༢༥ སྔ་དྲོ་ནས་དགུན་ཆས་ཀྱི་མཛད་སྒོ་གནང་རྗེས་རྒྱ་བོད་ཧོར་གསུམ་གྱི་མི་སྣ་དང༌། གཞུང་ཞབས་སྐྱ་སེར་གྱི་ཆིབས་ཞབས། སེར་སྦྲེང༌། བྲོ་གཞས་སོགས་ཀྱིས་མདུན་བདར་ཏེ་གྲུ་འཛིན་གཉིས་པའི་ཕོ་བྲང་ཆེན་པོའི་གསེར་གྱི་ཁྲི་ལ་ཞབས་སོར་འཁོད། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང༌། མན་ཇུ་ྋགོང་མའི་མི་སྣ་ལྕང་སྐྱ་སྐུ་སྐྱེ་ངག་དབང་ཆོས་ལྡན། དགའ་ལྡན་ཁྲི་རིན་པོ་ཆེ་སོགས་བླ་ཆེན་དང༌། མི་ཆེན་ཁག་ནས་མཛད་སྒོའི་ལེགས་འབུལ་བསྟར། ཟླ་ ༡༡ ཚེས་ ༡༥ ཉིན་ྋགོང་ས་མཆོག་དང༌། དཔོན་སློབ་པཎ་ཆེན་རིན་པོ་ཆེ་ལྷན་རྒྱས་ནས་གསེར་གདུང་འཛམ་གླིང་རྒྱན་གཅིག་ལེགས་པར་གྲུབ་པའི་ཤིས་བརྗོད་ཀྱི་རབ་གནས་དང༌། མཛད་སྒོ་ཡང་གནང་བ་དང༌། ལོ་འདིར་བོད་ཀྱི་ས་པྲ་ཡོད་རིགས་ལ་ཁ་གནོན་དང༌། བསྟན་སྲིད་ཀྱི་ཞབས་བརྟེན་དུ་མཆོད་རྟེན་སོགས་ཁྱོན་ཆེ་གསར་བཞེངས་མཛད་ཁོངས། མཚོ་ཁ། རྒྱལ་ཐང༌། དར་རྩེ་མདོ་གསུམ་སོ་སོར་ལྷ་ཁང་གསར་རྒྱག་དང་འབྲེལ་བས་འབུར་སྐུ་བྱིས་པ་ལོ་བརྒྱད་ཙམ་པའི་རིགས་གསུམ་མགོན་པོའི་སྣང་བརྙན་བཞེངས་པར་མཛད། ཅེས་དང༌།
ཤོག་གྲངས་ ༤༧༡ པར། ཨོ་རོད་ནས་ཚེ་དབར་རབ་བརྟན་གྱིས་སྡེ་སྲིད་ཀྱི་མཛད་པ་ཅི་མཛད་སྐྱོན་དུ་མཐོང་བའི་གླེང་གཞི་མང་བའི་ཁར། ྋརྒྱ་དབང་མཆོག་ལའང་ལོག་མཐོང་དང༌། རྒྱ་ཕྱོགས་ནས་ཀྱང་ལྕང་སྐྱ་སྐུ་སྐྱེར་དགོངས་འཕོག་སོགས་ཕྱི་ནང་བྱ་སྤྱོད་གང་ཅིར་ྋགོང་ས་མཆོག་ཐུགས་འཚིག་པ་ལྟ་བུས་ད་ནི་སློབ་གཉེར་བྱས་ཞན་འདྲ་གསུངས་ཏེ་ཐུགས་སྒྱིད་ལུགས་མཛད་པར་སྡེ་སྲིད་རིན་པོ་ཆེ་དང༌། སྐུ་མདུན་པ་སོགས་ནས་སྙན་བསྐུལ་ཇི་ཞུས་ལ་གསན་དགོངས་མེད་པ་དང༌། གཞུང་གནས་དང༌། གདན་ས་ཁག་ནས་མཚོ་ཁ་དང༌། སོག་ཡུལ་རྒྱལ་པོ་རྒྱལ་ཕྲན་སོ་སོར་སློབ་སྟོན་དང༌། གསེས་བཀྲོལ་གནང་བར་ཆེད་མངགས་མི་སྣ་ཁག་བརྫོང་བདའ་གནང་དགོས་བྱུང༌། ཞེས་དང༌། ཤོག་གྲངས་ ༤༧༢ པར། བལ་ཡུལ་ཡམ་བུ་ས་སྤྱོད་ནས་ྋགོང་ས་སྐུ་འཕྲེང་དྲུག་པ་ཁྲི་ཕེབས་ལེགས་འབུལ་ཞུ་བར་སྐུ་ཚབ་ར་མེ་ཤོར་དང༌། མ་ཊྃ། ཇི་ན་དེའུ་བཅས་ངོ་གཡོག་བཞི་བཅུ་སྐོར་འབྱོར་བ་སྣེ་ལེན་དང༌། སྐྱེས་ལན་བཟབ་པ་སྩལ། ཅེས་དང༌།
ཤོག་གྲངས་ ༤༧༣ པར། སྡེ་སྲིད་མཆོག་ནས་ྋརྒྱལ་དབང་རིན་པོ་ཆེར་གསན་སྦྱོང་གི་ཞབས་བསྐུལ་གནང་རེས་བཞིན་ཐུགས་བསུན་གྱི་རྣམ་པ་རྟག་ཏུ་གནང་བས་ཞུ་ས་མེད་པའི་ཁར། ད་ཆ་ྋརྒྱལ་དབང་རིན་པོ་ཆེ་དགུང་གྲངས་ཉི་ཤུར་ཕེབས་པས་ཐུགས་རྫོགས་གནང་རན་པས་དེའི་ཆེད་པཎ་ཆེན་རིན་པོ་ཆེ་ྋརྒྱལ་ཁབ་ཏུ་གདན་ཞུ་གནང་རྒྱུ་ཡིན་ཚུལ་ཡང་ཡང་ཞུས་གནང་ལ་གསན་དགོངས་མ་གནང་བར། ཉིན་གཅིག་བསླབ་སྡོམ་ཞུ་བར་བཀྲ་ཤིས་ལྷུན་པོར་འགྲོ་རྒྱུ་ཡིན་ཚུལ་གསུངས་རྐྱེན་སྡེ་སྲིད་ནས་སྡོམ་བཞེས་གནང་ན་ཡག་པོ་ཡོང་རེས་བཀྲ་ཤིས་ལྷུན་པོར་ཕེབས་རྒྱུའི་ཆིབས་བསྒྱུར་གྱི་གོ་སྒྲིག་ལེགས་པར་གནང་ཐོག པཎ་ཆེན་རིན་པོ་ཆེར་ཡང་ཞིབ་ཆའི་ནང་སྙན་ཞུ་གནང་བ་དང༌། ྋརྒྱལ་དབང་རིན་པོ་ཆེའི་ཆིབས་ཞབས་དང༌། དགོས་མཚམས་སྙན་སྒྲོན་ཞུ་མི་གཅིག་ལྕོགས་སུ་ལྷ་བཟང་ཁཱང༌། སྐྱིད་ཤོད་སྡེ་པ། ལ་མོའི་སྐུ་བསྟེན། གདན་སའི་མཁན་སྤྲུལ་དྲག་འདེམས་བཅས་ཆུ་རྟ་ ༡༧༠༢ ཟླ་ ༦ པའི་ནང་གཙང་ཕྱོགས་སུ་ཆིབས་ཁ་བསྒྱུར། ཅེས་དང༌།
དེའི་སྐབས་ཀྱི་གནས་ལུགས་ཞིབ་པ་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་རང་རྣམ་དུ། ཆུ་རྟ་ཟླ་བ་དང་པོའི་ནང༌། གཟིམ་ཆུང་ཞབས་བརྟན་ཞིག་འབུལ་བ་དང་བསྟུན། ྋགོང་ཞབས་རིན་པོ་ཆེའི་མཛད་པའི་ཚུལ་སྟོན་སྐོར་ལ་སྔར་བཞིན་གསོལ་འདེབས་ནན་ཆགས་ཀྱི་ཞུ་ཡིག་ཟུར་པ་དང༌། རྟེན་འབྱུང་གི་འབུལ་བ་བཅས་ཕུལ་བར་མགྲོན་གཉེར་གཞོན་པ་བློ་བཟང་དར་རྒྱས་བརྫོང་བདའ་བྱས། སྡེ་སྲིད་རིན་པོ་ཆེས་གསུང་ཤོག་ཕེབས་གསལ། ྋགོང་ཞབས་རིན་པོ་ཆེ་ནས་རང་ཉིད་དུའང་དབྱེར་མེད་ཕེབས་སོགས་ྋགོང་མའི་བག་ཆགས་ཀྱི་ཐུགས་རྗེས་བཟུངས་ནའང༌། ྋགོང་ས་རང་གི་མཛད་པར་ཅི་ཞུས་ཀྱང་གསན་བཞེས་མེད་ཅིང༌། བློས་འཁྱུད་དཀའ་བའི་བཀའ་ཕེབས་པ། དེ་ཁར་གཞན་དང་མི་འདྲ་བའི་ཐུགས་འདུན་འདུག་པས་དངོས་ཀྱིས་ྋསྙན་འབུལ་དང༌། དེ་ཐོག་དགུང་ལོ་ཉི་ཤུར་ཕེབས་པ་བཅས་ཐུགས་རྫོགས་བཞེས་ན་བསམསྋསྙན་འབུལ་ཡང་ཡང་ཞུས་པར་བླ་མ་ལོད་མཇལ་གསུངས་པ་ལས། དུས་ཞུས་པར་གསལ་བ་མི་གནང་བ་བཅས་ཀྱིས་རིམ་འགྱངས་བྱུང་བར། ཉེ་ལམ་འོ་ན་དེ་ཁ་བྱས་ཆོག ང་རང་གིས་ཀྱང་ཞུ་ཡིག་དང་བཅས་གདན་འདྲེན་པར་ལྐོག་གཞོན་གནང་རྒྱུ་ཞེས་དཔྱད་བཟོ་དཀའ་བའི་གསུང་ཤོག་དང༌། དེ་མཚུངས་ཟླ་བ་དེ་ཁའི་མཇུག་ཙམ་ལ་ཐམས་ཅད་མཁྱེན་པའི་ཐུགས་དམ་ཕེབས་པའི་ནང༌། དེ་ག་ནས་བཀའ་རིམ་པར་ཕེབས་བྱུང་བ་ཞུ་ལན་ཕུལ་བ་ལྟར། ངེད་རང་ྋགོང་མའི་ཤུལ་ཟིན་ཚོགས་དབུ་སོགས་སུ་དགོས་རང་ཟེར་བ་བླ་མ་མཇལ་བར་མི་སྤྲོ་རྒྱུ་མི་འདུག་པས། གདན་འདྲེན་པ་འདི་པ་སོང་བས་ཆར་ཆུ་མ་རྒྱས་གོང་ཕྱིར་ཕེབས་ཆོག་འདུག་པས་ཡོང་དགོས་ཚུལ་ལྐོག་གྲོང་ནས་འབྱོར་ཡང༌། བབས་མི་ལེགས་གཤིས་འགྲོ་མ་འདོད་ནས་ཅུང་ཟད་ཁམས་མི་བདེ་ཚུལ་གྱི་སླར་མི་རིང་བར་ཡོང་ཆོག་པ་སོགས་གསེས་བཀྲོལ་ཞུ་ཡིག་རིམ་པར་ཕུལ་ཡང༌། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་སྐུ་གདུང་སོགས་མཇལ་བར་ཆིབས་བསྒྱུར་གནང་རྩིས་ཡོད་ཚུལ་སོགས་ཕེབས་པར། ཡར་ཆིབས་བསྒྱུར་བསྐྱང་རྒྱུ་སྐབས་སུ་མ་ཆེ་བས་འཕྲལ་དུ་བཅར་ཆོག་པའི་ཞུ་ཡིག་རིམ་ཅན་དང་བཅས་དགེ་སློང་འདར་པ་བརྫོང་བདའ་བྱས། ངོས་ཟླ་ ༦ ཚེས་ ༣ ཉིན་འདི་ནས་ཐོན་ཏེ་བྱང་བརྒྱུད་འགྲོ་རྩིས་ཡིན་ཀྱང༌། དགའ་ལྡན་རབ་རྒྱས་སུ་སླེབས་སྐབས་དགེ་སློང་ཕྱིར་འཁོར་བརྗོད་གསལ། ཆིབས་བསྐྱིལ་ཞུ་མ་ཐུབ་པར་ཆིབས་བསྒྱུར་ཐག་ཆོད་འདུག་ཚུལ་བྱུང་བ། ལམ་སེང་རོང་ལམ་བརྒྱུད་ཞག་གཉིས་སོང་མཚམས་ཡར་འབྲོག་འདབ་ལུང་དུ་ཐམས་ཅད་མཁྱེན་པ་དང་མཇལ། ཐམས་ཅད་མཁྱེན་པས་མྱང་བརྒྱུད་ནས་ཕེབས་རྒྱུ་དང༌། ཕྲན་ངོས་རོང་བརྒྱུད་ཕྱིར་ལོག་སྟེ་ཚེས་ ༡༥ ཉིན་བཀྲ་ཤིས་ལྷུན་པོ་འབྱོར། ཚེས་ ༢༠ ཉིན་ཐམས་ཅད་མཁྱེན་པ་སྟོན་འཁོར་བཀྲ་ཤིས་ལྷུན་པོར་ཞབས་སོར་འཁོད། འདི་གར་རྒྱུན་གང་རིང་བཞུགས་ངོས་ཚོགས་དབུར་གསུང་ཆོས་དང༌། ཞབས་བརྟན་འབུལ་རྒྱུ་ཡིན་ཚུལ་སོགས་གསོལ་འདེབས་ཞུས་པར་དོན་སྨིན་བཀའ་བཞེས་མ་བྱུང་ཞིང༌། སྐུ་ཞབས་རིན་པོ་ཆེ་སྐུ་དངོས་ཀྱི་མཛད་པའི་ཚུལ་སྟོན་པར། ངེད་རང་ངོས་ནས་སྙན་འབུལ་ཞུས་པ་མ་ཟད། སྡེ་སྲིད་རིན་པོ་ཆེས་དབུས། རྒྱལ་ཡུམ། སེ་འབྲས་དགའ་གསུམ་གྱིས་སྙན་འབུལ་ནན་ཞུས་ཁར། བདག་ཉིད་ནས་སྔོན་དུ་གསོལ་བ་བཏབ་པ་བཞིན། ཐུབ་སྟན་སྤྱི་དང༌། བྱེ་བྲག་ཁམས་གསུམ་འགྲོ་བའི་བླ་མ་ཙོང་ཁ་པ་ཆེན་པོའི་བསྟན་པ། གཞུང་བསྟན་ལར་རྒྱ་བཅས་ལ་ཕན་པ་ཡེ་ཤེས་ཀྱི་གཟིགས་པས་དཔྱད་པ་ཡིན་ན་ཞུ་ཚོད་ཅི་ལ་ཐིང་ཡང༌། མཐའ་དབུས་གདུལ་བྱའི་སྣང་ངོར་བསྟན་འགྲོ་སྤྱི་སྒོ་ཐམས་ཅད་ལ་ཐུགས་རྗེས་མི་བོར་བའི་མཛད་པ་རྣམ་ཐར་མཐའ་དག་མཁན་ཆེན་ཐམས་ཅད་མཁྱེན་གཟིགས་ཆེན་པོ་ཇི་བཞིན་གྱི་ཚུལ་བཞེས་དང༌། དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་གསོལ་འདེབས་ནན་ཆགས་རྟེན་གསུམ་ཞུ་ཕྱག་འབུལ་གསུམ་བྱས་རུང༌། བཀའ་བཞེས་མ་གནང་ཞིང༌། འུར་སྟབས་ཀྱི་རྣམ་པས་ཕེབས་ཏེ་ཉི་འོད་ཕྱི་ནས་སྐུ་ཕྱག་གསུམ་གནང་སྟེ་བླ་མའི་བཀའ་བཅག་པ་མཐོལ་ལོ་བཤགས་གསུངས་པ་སྤེལ་མར་གནང་ནས་ཕེབས་པ་སོགས་བྱ་ཐབས་མ་བྱུང་བ་དང༌། རྗེས་སུའང་ཞུ་ཡིག་རིམ་པ་དང་བཅས་ཞུ་ནན་གང་ཆེ་བྱས་ཀྱང་མ་སྨིན་ཁར། སྔར་ཐོབ་ཀྱི་རབ་བྱུང་དང༌། དགེ་ཚུལ་གྱི་སྡོམ་པ་ཕྱིར་འབུལ་མ་སྨིན་ན་ངེད་བཀྲ་ཤིས་ལྷུན་པོ་རང་ལ་ཁ་བལྟས་ཏེ་ལྕེབས་པ་དོན་གདམ་གའི་གསལ་དགོས་ཕེབས་པ་བློས་མ་འཁྱུད་པས། སྡེ་སྲིད་རིན་པོ་ཆེ་ནས་གསོལ་འདེབས་ཀྱི་གྲོགས་སུ་བརྫོང་བདའ་གནང་བ་དེ་མོ་སྤུལ་སྐུ། སེམས་པ་སྤྲུལ་སྐུ། སྟག་རྩེ་ཞབས་དྲུང༌། རྒྱལ་སྲས་ལྷག་བཟང༌། སེ་འབྲས་ཀྱི་སློབ་དཔོན། སྤྱི་གཉེར་བཅས་གྲོས་བསྟུན་ནས་མགྲིན་གཅིག་ཏུ་གསོལ་འདེབས་ཞུས་པ་དང༌། སྒེར་གྱི་རིམ་ཞུས་བཅས་པར་བཀའ་ཕེབས་ཇེ་ཞན་ལས་མ་བྱུང་ཞིང༌། སྔ་སོར་དེ་སྐོར་གྱི་གནས་ཚུལ་འབྲས་སྤུངས་སྤྱི་སོར་སྩལ་བ་སྡེ་སྲིད་རིན་པོ་ཆེ་ནས་འདིར་གནང་བ་སོགས་དགོངས་གཞི་དཔྱད་དཀའ་ཞིང༌། གླེང་སྣ་ཚོགས་དང༌། དོན་གདམ་གའི་བཀའ་མཐའ་སྡུག་དེ་བཞིན་ཕེབས་པ་བཅས། ཐུགས་རྫོགས་ལྟ་ཅི་སྨོས་རབ་བྱུང་སྔར་བཞེས་ཀྱང་ཤུགས་མ་ཐུབ་ཀྱིས་དོར་གནང་དང༌། མཐར་སྐུ་སྐྱ་ཆས་སུ་མི་བསྒྱུར་བ་དང༌། མི་རིང་བ་བར་མ་རབ་བྱུང་ཐུགས་རྫོགས་བཞེས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས་ངེད་རང་གིས་དབུས་ཚང་མས་གསོལ་འདེབས་ཞུས་ཀྱང་མ་སྨིན་པས་སྡེ་སྲིད་རིན་པོ་ཆེར་ཇི་བྱུང་གི་གནས་ཚུལ་ཞིབ་པ་ཕུལ། གཞིས་ཀ་རྩེར་བཞུགས་ཞག་བཅུ་བདུན་བཞུགས་ཏེ་ཕྱིར་ཕེབས་ཞེས་གསལ་བ་དང༌། ཞེས་གསུངས།
ཤོག་གྲངས་ ༤༩༤ པར། ྋརྒྱལ་མཆོག་དྲུག་པ་རིན་ཆེན་ཚངས་དབྱངས་རྒྱ་མཚོ་ནི། ཕྱིའི་མཛད་པ་ཅུང་ཟད་འཆོལ་བའི་ཚུལ་བཞེས་ཀྱང༌། མཁྱེན་རབ་ཀྱི་ཀློང་བརྡོལ་བས་ལྗགས་རྩོམ་སོགས་སྙན་ལ་དོན་ཟབ་པས། དཔེར་ན། ཤར་ཕྱོགས་རི་བོའི་རྩེ་རྩེ་ནས། །དཀར་གསལ་ཟླ་བ་ཤར་བྱུང༌། །མ་སྐྱེས་ཨ་མའི་ཞལ་རས། །ཡིད་ལ་འཁོར་འཁོར་བྱས་བྱུང༌། །ན་ནིང་བཏབ་པའི་ལྗང་གཞོན། །ད་ལོ་སོག་མའི་འཕོན་ལྕོག །ཕོ་གཞོན་རྒད་པའི་ལུས་པོ། །རྭ་ཅོའི་གཞུ་ལས་གྱོང་བ། །རང་སེམས་སོང་བའི་མི་དང༌། །གཏན་གྱི་མདུན་མ་བྱུང་ན། །རྒྱ་མཚོའི་གཏིང་ནས་ནོར་བུ། །ལོན་དང་ཁྱད་པར་མི་འདུག །ཅེས་དང༌། བྲིས་པའི་ཡི་གེ་ནག་ཆུང༌། །ཆུ་དང་ཐིགས་པས་བརྡུངས་སོ། །མ་བྲིས་སེམས་ཀྱི་རི་མོ། །སྲུབ་ཀྱང་ཟུབ་རྒྱུ་མི་འདུག །ཡང༌། སྙིང་གཏམ་ཕ་མར་མ་བཤད། །ཆུ་འདྲིས་བྱམས་པར་བཤད་པས། །བྱམས་པ་ཤག་པོ་མང་ནས། །སྙིང་གཏམ་དགྲ་བོས་གོ་སོང༌། །པོ་ཏཱ་ལ་རུ་སྡོད་དུས། །རིན་ཆེན་ཚངས་དབྱངས་རྒྱ་མཚོ། །ལྷ་ས་ཞོལ་དུ་སྡོད་དུས། །འཆལ་པོའི་དྭངས་བཟང་དབང་པོ། །ཞེས་སོགས་དགྱེས་མགུར་རོལ་བའི་ན་ཆུང་མ་རྣམས་ལ་གསུང་རྩོམ་དང༌། བྱང་དུ་ཕེབས་ཉེའི་མཚམས་ལྷ་སའི་ན་ཆུང་མ་ཞིག་ལ་ཕྱག་བྲིས་སྩལ་བར། བྱ་དེ་ཁྲུང་ཁྲུང་དཀར་མོ། །གཤོག་རྩལ་ང་ལ་གཡོར་དང༌། །ས་ཐག་རིང་པོར་མི་འགྲོ། །ལི་ཐང་བསྐོར་ནས་སླེབས་ཡོང༌། །སོགས་རིང་པོར་མིན་པ་སྤྲུལ་སྐུ་ལི་ཐང་ནས་འབྱོན་པ་གསུངས་ཤིང༌། སེ་རར་ཆིབས་བསྒྱུར་སྐབས་ཤིག་སེར་བྱེས་གྲྭ་ཚང་གི་རྡོ་གཅལ་དུ་ཞབས་ཟུང་གི་རྗེས་གསལ་པོ་སྩལ། ཅེས་སོགས་གསལ།
ཁོང་གི་སྐུ་ཚེ་སྨད་ཀྱི་རྣམ་ཐར་སྐོར་སྲིད་དོན་རྒྱལ་རབས་སྟོད་ཆའི་ཤོག་གྲངས་ ༤༩༦ ནང་གསལ་བ། དེར་དགོངས་རྫོགས་དང༌། སྐུ་གདུང་ཞུགས་འབུལ་ཞུ་དགོས་རྣམས་ཞུས་ཏེ་གསོལ་དཔོན་གྲགས་པ་རྒྱ་མཚོ་དང༌། བློ་གྲོས་དབང་ཕྱུག མཆོད་དཔོན་ངག་དབང་དཔལ་འབར། ཨེམ་རྗེ་སངས་རྒྱས་སྲིད་སྒྲུབ། སོག་པོ་ཉི་མ་སོགས་ཞབས་གྲས་རྣམས་ནས་གདུང་ཐལ་དང༌། སྐུའི་ཉེར་ཆས་རྣམས་གདན་ཞུས་ཀྱིས་ལྷ་སར་འབྱོར་བའི་ལོ་རྒྱུས་ཡོད་པ་དང༌། ཡང་འགའ་ཤས་ནས། སོག་པོས་ཤི་མ་ཐག་པའི་རོ་ཉོས་ཏེ་དྲང་དོན་ལ་མྱ་ངན་ལས་འདས་ཚུལ་ཙམ་ལས། ངེས་དོན་གཅིག་པུར་བྲོས་ཏེ་ཨ་རིག་འགྲུལ་པ་དང་བསྡེབས་ཏེ་སོག་ཡུལ་དུ་བཞུགས་ཤིང༌། དེ་ནས་ལྟོ་བསྐོར་གནས་བསྐོར་ལྟ་བུ་འགུ་ལོག རྒྱ་མོ་རོང༌། ཚ་ཁོ། དར་རྩེ་མདོ་བརྒྱུད། ལི་ཐང༌། འབའ་སོགས་སུ་བྱོན་ནས། ས་གླང་ ༡༧༠༩ ལོར་ལྷ་ས་ཁུལ་དུ་ཕེབས་ཤིང༌། སེ་ར་རྩེའི་རི་ཁྲོད་དུ་སྒྲུབ་ཁང་དགེ་ལེགས་རྒྱ་མཚོ་དང་མཇལ་ཞིང༌། ཕར་ཚུར་ཆོས་འབྲེལ་ཞུས་སྩལ་གྱིས་ཟླ་བ་ལྷག་ཙམ་བཞུགས། དེ་ནས་དགའ་ལྡན་གསེར་གདུང་མཇལ། བྲག་སོག་རི་ཁྲོད་དུ་ལོ་འཁོར་ལྷག་ཙམ་བཞུགས། ལྕགས་སྟག ༡༧༡༠ ལྕགས་ཡོས་ ༡༧༡༡ ལོར་ཙ་རི་མཇལ་ཞིང༌། འོལ་དགའ་སོགས་སུ་བཞུགས་སྐབས་ལྷ་བཟང་ཁཱང་གི་དོགས་པས་འཇུས་ཏེ་འོལ་དགའ་རྫོང་ཞག་བཅུ་སྐོར་བཙོན་དུ་བཞུགས་རྗེས་ལྷ་སར་མི་བཅུ་གཉིས་ཀྱིས་གདན་འདྲེན་ཞུས་པ་རྒོད་དཀར་ལ་ཐོག་ནས་བྲོས་ཐར་ཏེ་ཀོང་པོ་སོགས་སུ་ཕེབས། དེ་ནས་རྒྱ་གར་དང༌། བལ་ཡུལ་གནས་གཟིགས་གནང་ཞིང༌། སླར་མདོ་སྨད་ཨ་མདོའི་ཡུལ་གསེར་ཁོག་དང༌། ཇག་རུང་སོགས་སུ་གདན་མཛད་ཅིང༌། འགྲོ་དོན་རྒྱ་ཆེན་བ་བསྐྱངས་མཐར་སོག་ཡུལ་ཨ་ལག་ཤག་ཏུ་ས་ལུག ༡༧༣༩ ལོར་སྐུ་གཤེགས་ཞེས་དགུང་གྲངས་ལྔ་བཅུ་ང་དྲུག་ཙམ་བཞུགས་པ་ལྟ་བུ་ཞིག་འདུག་པས། དེ་དག་ནི་ཆོས་སྲིད་གཉིས་ཕྱོགས་ནས་འགྲེལ་བརྗོད་གཏོང་མཐའ་དཔོག་དཀའ་བས་འདི་དང༌། འདིའོ་ཞེས་མཐའ་གཅིག་ཏུ་བརྗོད་མ་དགོས་པར་གཞུང་ཐོག་རྣམ་ཐར་དེ་རང་ལ་རྩ་འཛིན་བྱས་ན་ལེགས་པར་མཐོང་ངོ༌།། ཞེས་གསལ་འདུག
སྲིད་དོན་རྒྱལ་རབས་སྟོད་ཆ་ཤོག་གྲངས་ ༤༧༨ པར། ན་བཟའ་བཞེས་ཚུལ་ཇི་ལྟར་བུ་ཞིག་ཡོད་སྙམ་ན། སླེ་ལུང་རྗེ་དྲུང་བློ་བཟང་འཕྲིན་ལས་ཀྱི་གཟིགས་ཚུལ་རྣམས་རང་རྣམ་ནང་འཁོད་འདུག་པར། ཁོང་དགུང་ལོ་ཆུང་ངུའི་སྐབས་ྋརྒྱལ་དབང་རིན་པོ་ཆེའི་སྐུ་མདུན་དུ་སྐྲ་ཕུད་འབུལ་བར་རྩེ་ཕོ་བྲང་དུ་ཕེབས་པ། གསོལ་དཔོན་མཁན་པོས། ྋགོང་ས་རིན་པོ་ཆེ་རྣམ་སྲས་གན་མཛོད་ཀྱི་འགག་ཏུ་ཕེབས་པ་ཡོད་པས་མཇལ་ཁར་ཤོག བཀའ་འདྲི་གནང་བྱུང་ན་སྐུ་སྐྱེ་ཆུང་བས་ཡོང་མི་འགྲོ། རྒན་པ་ཚོས་ཞུས་གསུངས་པ། དེ་ངེད་རང་གི་ཞུས་ཆོག་ཞུས་པས་ཐུགས་མཉེས། དེ་ནས་མཇལ་ཁར་ཕྱིན་པ། ྋགོང་ས་རིན་པོ་ཆེ་གོས་ལིང་སྔོ་སྐྱའི་ལ་པ་ཤག་སྲབ་མོ་ཞིག་བཞེས། དབུ་སྐྲ་སྙན་གཤམ་ལ་སླེབས་ཙམ་དང༌། ཕྱག་སོར་ཐམས་ཅད་ལ་ཕྱག་རྒྱན་སོགས་བཞེས་པའི་སྐུ་གཞོགས་གཡས་གཡོན་རྣམས་སུ་སྐུ་འཁོར་རྣམས་ན་བཟའ་ཡ་མ་གཟུགས་སྣ་ཚོགས་དང༌། མདའ་མདོང་དང༌། ཕྱག་ཨོད་སོགས་བསྣམས་ཏེ་བཞེངས་བཞུགས་འདུག ྋརྒྱལ་དབང་མཆོག་ནས། གསོལ་དཔོན་ཆེན་མོར་སྐུ་རྩེད་ཀྱི་རྣམ་པས་ད་རེས་རྗེ་དྲུང་སྤྲུལ་སྐུར། ཨ་ནེ་ཏིང་ཏིང་སྒྲོལ་མ་འདོག་རྒྱུ་ཡིན་ཞེས་སྐུ་རྩེད་མཛད་དེ་ལམ་སེང་རྫོང་རྒྱབ་ཏུ་ཕྱག་མདར་ཕེབས་སོང་ཞེས་གསལ་འདུག ཅེས་འཁོད་འདུག
འཁྲུངས་གཞིས་ཨོ་རྒྱན་གླིང་ལྷ་ཁང་གི་གྱང་ངོས་ལ་སྦྱར་བའི་དབྱིན་ཡིག་ངོ་བཤུས།

No comments:

Post a Comment