མི་གཞི་ལ། གནས་སྐབས་སུ་ལས་ཀ་གང་བདེ་བདེ་དང། ཟས་གོས་གང་བཟང་བཟང་ཞིག་འཛོམས་བྱུང་ན། དེ་མ་ཐག་ཏུ་ཕུགས་རྒྱང་གི་བསམ་བློ་ཡོད་ཚད་བསམ་བཞིན་ཤེས་བཞིན་དུ་འདོར་ནུས་པའི་མི་གཤིས་ངན་པ་ཞིག་རང་བཞིན་གྱིས་གྲུབ་ཡོད་པར་སྣང། དཔེར་ན། སྔོན་མ་སྐུ་དྲག་འགའ་ཤས་ནས་ཉིན་གཅིག་སོ་སོའི་ཤོ་རྒྱག་རྒྱུའི་བདེ་སྐྱིད་ཆུང་ཆུང་ཞིག་བློས་བཏང་མ་ཐུབ་པའི་རྒྱུ་མཚན་གྱིས་བོད་རང་བཙན་ཕུང་བ་རེད་ཅེས་པའི་གནས་ལུགས་རྫུན་གཏམ་མ་ཡིན་པའི་ད་བར་ཤོད་རྒྱུན་ཞིག་ཡོད་པ་དེ་དང། རྒྱ་ལེ་ཆོས་མཛད་ཀྱིས། ༸ལྔ་པ་ཆེན་པོའི་ཕྱག་མོར་འཕྲལ་དུ་ཇུས་འགྲོ་ན། ཕུགས་ལ་ཚང་མ་ཤི་འགྲོ་ཞེས་འཕྲལ་གྱི་ལས་དོན་ལ་གདམ་ཀ་བྱས་ཏེ་བྱ་བ་མཛད་པ་དེ་དག་གིས་མཚོན་ནུས་པ་ཞིག་རེད།
ངོས་ས་རཱ་མཐོ་སློབ་ཏུ་ཡོད་དུས། ཕྱི་ལོ་གསར་ཚེས་ཉིན་གུང་སེང་མེད་པས་སློབ་མ་ག་གེ་མོས། དེ་རིང་འཛམ་བུ་གླིང་ལོ་སར་གུང་སེང་རེད། ང་ཚོའི་ས་རཱ་ལ་ཕྱི་ལོ་གསར་ཚེས་ཉིན་ལོ་སར་གུང་སེང་གཏོང་གི་མི་འདུག རྗེས་ལུས་རེད། རྗེས་ལུས་ཟེར་བ་འདི་འདྲ་བྱས་ཏེ་ལུས་ཡོང་གི་ཡོད་པ་རེད་ཅེས་ཁུག་ཁུག་སིམ་སིམ་ལ་ཤོད་མཁན་ཡོད། ཕྱི་ལོ་གསར་ཚེས་ཉིན་གུང་སེང་མི་གཏོང་བའི་སྐོར་ཤོད་མཁན་ཚོ་ལ་བལྟས་ན། ཁ་ནས་ཤོད་རྒྱུ་སྤྱི་སེམས་དང། སྔོན་ཐོན་དང་རྗེས་ལུས་སྐོར་ཤོད་པ་ཙམ་ལས། དོན་དམ་ལ། སོ་སོའི་མི་རིགས་དང། རིག་གཞུང་གི་གནས་ལུགས་སྐོར་བསམ་བློ་རྩ་བ་ནས་མི་གཏོང་མཁན་ཤ་སྟག་རེད་། དེ་འདྲ་ཤོད་མཁན་ཚོར་ཉམས་ཕབ་ཏེ་ཞིབ་འཇུག་འདྲ་བྱས་དུས། ཁོ་རང་དེའི་ཉིན་མོར་ཆང་རག་འཐུང་རྒྱུ་དང། བག་མེད་ལོངས་སྤྱོད་ཀྱི་ཐོག་ནས་འདུ་འཛོམས་བྱ་རྒྱུ། འཛིན་གྲྭ་དང་རང་སྦྱོང་བྱ་མི་དགོས་པའི་གཡོལ་ཐབས་བཅས་ཀྱིས་དེ་ཉིན་སོ་སོ་གནས་སྐབས་ཙམ་བདེ་འདོད་དང། སྐྱིད་པོ་གཏོང་འདོད་ཙམ་ལས་སྤྱི་སེམས་གང་ཡང་མེད་པ་རེད།
བཤད་དོན་ལ། འདི་ལོའི་ཕྱི་ལོ་གསར་ཚེས་ཉིན་གུས་པ་བོད་བཙན་བྱོལ་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་ཕྱོགས་སུ་སྡོད་ཡོད་ཅིང། དེ་ཉིན་བོད་གཞུང་ལས་ཁུངས་ལས་ཀ་མི་འདུག་པས། ངས་མི་གཞན་མང་པོ་ཞིག་ལ་དྲིས་པར། དེ་རིང་ཕྱི་ལོ་གསར་ཚེས་རེད། ལས་ཁུངས་ཚང་མ་གུང་སེང་རེད་ཅེས་འགྲེལ་བཤད་བརྒྱབ་བྱུང།
གོ་ཐོས་ལ། སྔོན་མ་བོད་ཀྱི་བླ་ཆེན་ཁག་ཅིག་གི་འདས་མཆོད་གུང་སེང་བཞག་པར་བསམ་འཆར་བྱུང་སྟེ་བོད་གཞུང་ནས་གུང་སེང་མང་པོ་ཞིག་ཕྱིར་བསྡུ་བྱ་དགོས་བྱུང་བ་རེད་ཟེར། དེ་ལྟ་བུ་ཡིན་ན་ཧ་ཅང་གི་འགྲིག་པ་ཞིག་ཡིན་འདུག གང་ལགས་ཤེ་ན། གཞུང་གི་ལས་དུས་ཉིན་རེ་ཡིན་ནའང་རིང་དུ་གཏང་དགོས་པ་ལས། གུང་སེང་དང་ལས་དོན་གཡོལ་རྒྱུ་གང་རྙེད་ལྟ་བུ་བྱས་ནས་བསྡད་ན་རྟ་ལམ་བོང་བཀག་གི་དཔེ་ལྟ་བུ་ཙམ་ལས་གཞན་ཅི་ཡོང།
འོན་ཀྱང། ཕྱི་ལོ་གསར་ཚེས་ནི། སྟོད་ལ་དྭགས་ནས་སྨད་ཨ་མདོའི་བར་དུ་ང་ཚོའི་མི་རིགས་དང། ཆོས་དང་རིག་གཞུང་གང་གི་ཐད་ལའང་འབྲེལ་བ་སྤུ་ཙམ་མེད་པ་མ་ཚད། ལྷག་དོན། ཕྱི་ལོ་བརྩི་སྲོལ་འདི་ནི་ཆོས་ལུགས་ཀྱི་ཆ་ནས་བྱས་ན་ཕྱི་རོལ་པའི་ཆོས་ལུགས་ཤིག་གི་དུས་ཚིགས་ཡིན་པ་དང། རྒྱལ་ཁབ་དང་མི་རིགས་ཤིག་གི་ཆ་ནས་བཤད་ནའང་ཕྱིའི་རྒྱལ་ཁབ་དང་མི་རིགས་ཤིག་གི་དུས་ཚིགས་ཡིན་པ་ཙམ་ལས། ང་ཚོའི་མི་རིགས་དང་ཆོས་ལུགས་གང་གི་ཐད་ནས་བཤད་ཀྱང་འབྲེལ་མེད་དོན་གཞན་མངོན་སུམ་རང་ཡིན་པ་རེད།
གང་ལྟར་གོང་བཤད་ལྟར། མི་གཞི་ལ། གནས་སྐབས་བདེ་སྐྱིད་ཅིག་བྱུང་ན་ཕུགས་རྒྱང་གི་གནས་སྟངས་ཡོད་ཚད་འདོར་ངེས་ཡིན་ལུགས་བཤད་པ་ལྟར། ལ་ལས་རང་ཉིད་ཉིན་གཅིག་གུང་སེང་ཞིག་ཐོབ་པའི་ཆེད་དུ་ཕྱི་ལོ་གསར་ཚེས་ལ་བརྩི་བཀུར་མ་ཞུས་ན་རྗེས་ལུས་དང། ཀླ་ཀློ་ཡིན་ལུགས་ཇི་ཙམ་འགྲེལ་ནའང་གནད་དོན་དེ་ལྟ་བུས་ང་ཚོ་བོད་མི་རིགས་རྗེས་ལུས་དང། ཆེས་རྗེས་ལུས་ཐེབས་པའི་རྒྱུ་མཚན་སྤུ་ཙམ་མི་འགྲོ་བ་མ་ཚད། རང་གི་མི་རིགས་དང་ཆོས་ལུགས་གང་ལའང་འབྲེལ་བ་མེད་པའི་ཕྱི་ལོ་གསར་ཚེས་ལ་སྲུང་བརྩི་བྱས་ན་རྗེས་ལུས་དང། ལེགས་ཉེས་དབྱེ་འབྱེད་མི་ཤེས་པའི་མི་རིགས་ཤིག་ཡིན་པ་གནས་སྟངས་གསལ་པོ་བསྟན་གྱི་ཡོད་པ་རེད་སྙམ།།
No comments:
Post a Comment