ལོ་ཕྱེད་ཙམ་སོང་ཡོད་ཚོད། ང་རང་བཞུགས་སྒར་གཙུག་ལག་ཁང་གི་ཉེ་ཕྱོགས་སུ་ཇ་འཐུང་ཞོར་ལ་རྒོ་པལ་པུར་བོད་དགེ་ཞིག་དང་ཁ་བརྡ་འཕྲོས་དོན། ཁོང་གིས། སྔར་ཆོས་རྒྱལ་སྐུ་དུས་ནས་བོད་ཀྱི་ལོ་ཙཱ་བ་མང་པོས་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་ནས་རྒྱ་གར་ལ་ཕེབས་ཏེ་ཚད་དང་ལྡན་པའི་རྒྱལ་བའི་བཀའ་བསྟན་བཅོས་པོད་བརྒྱ་ཕྲག་མང་པོ་རང་རེ་བོད་ཀྱི་སྐད་ཡིག་ནང་དུ་བསྒྱུར་ནས་ང་ཚོ་བོད་ཀྱི་སྐད་ཡིག་ལ་གཟི་བརྗིད་དང། རིན་ཐང་ཆེན་པོ་ཡོད་པ་ཞིག་བཟོས་ཡོད་པ་རེད། དེང་སང་བོད་ཀྱི་ཆོས་དང་རིག་གཞུང་གང་ཞིག་ཡིན་ནའང་བོད་ཀྱི་སྐད་ཡིག་ཐོག་ཏུ་ཚུར་བསླབ་བརྩིས་མེད་པར་མཁས་མདོག་འཇོན་མདོག་གིས་མཐའ་ན་སྒྲུང་དང་གཏམ་དཔེ་ཡས་ཆོད་དབྱིན་ཡིག་ནང་ཕར་བསྒྱུར་འགྲོ་གི་འདུག མ་འོངས་པར་བོད་ཀྱི་ཆོས་དང་རིག་གཞུང་ཚང་མ་ཕྱི་ཡིག་ནང་དུ་བསྒྱུར་ཟིན་རྗེས་ང་ཚོ་བོད་ཀྱི་སྐད་ཡིག་དང། ཆོས་དང་རིག་གཞུང། མི་རིགས་དང་བཅས་པ་ཐལ་བ་ནང་གི་ཁ་ལུད་ལྟ་བུ་རིན་ཐང་སྤུ་ཙམ་མེད་པ་ཞིག་ཆགས་ངེས་རེད་འདུག་ཅེས་ཟེར།
ཉེ་ཆར་གངས་ཅན་སྐྱིད་གཤོངས་དུ་སྡོད་རིང་ངོ་ཤེས་པའི་གཞུང་ཞབས་པ་འགའ་ཤས་ཀྱིས། དེང་སང་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་འདིས་བོད་ཀྱི་ཆོས་དང་རིག་གཞུང་གང་ཞིག་ཡིན་རུང་གང་ཐུབ་ཅི་ནུས་ཕྱི་ཡིག་ནང་བསྒྱུར་ཅི་ཐུབ་བྱེད་སྡོད་པ་ཙམ་ལས། གཞན་གྱི་ལེགས་ཆ་གང་ཡོད་པ་བོད་ཀྱི་སྐད་ཡིག་ནང་དུ་ཚུར་ཕུན་སུམ་ཚོགས་པ་ཞིག་བསྒྱུར་དགོས་པའི་སྣང་བ་ཡིད་ལ་ཤར་གྱི་ཡོད་ས་མ་རེད། ཕར་རྐྱང་རྐྱང་བསྒྱུར་བསྡད་པ་ཡིན་ན་ཡག་པོ་ཅང་མི་འདུག་ཅེས་ཟེར།
དེ་ལས་ཀྱང་སྟབས་མ་ལེགས་པ་ཞིག་ལ། ཉེ་ཆར་༸རྒྱལ་དབང་མཆོག་ཝ་ཎའི་ཕྱོགས་སུ་གསུང་ཆོས་གནང་བར་ཕེབས་དུས་ཝ་ཎའི་ཕྱོགས་སུ་བསྟན་འགྱུར་ཕྱི་ཡིག་ནང་དུ་བསྒྱུར་འཆར་ཡོད་ལུགས་ཞུས་ཡོད་འདུག ༸རྒྱལ་དབང་མཆོག་གིས་བསྟན་འགྱུར་ཕྱི་ཡིག་ནང་དུ་བསྒྱུར་འཆར་ཡོད་ལུགས་དེ་ལ་ཐད་ཀར་མ་འགྲིག་པ་དང། མོས་མཐུན་མེད་ལུགས་གསུང་པའི་འབད་མ་བྱུང་ན་ཡང། དོན་ལ་བསྟན་འགྱུར་ཕྱི་ཡིག་ནང་དུ་བསྒྱུར་བ་ལས། ད་ལྟ་བོད་ཀྱི་སྐད་ཡིག་ནང་དུ་མེད་པའི་ལེགས་སྦྱར་དང། པ་ལི་ནང་དུ་བཞུགས་པའི་སངས་རྒྱས་དང། རྒྱ་གར་མཁས་པ་རྣམས་ཀྱིས་མཛད་པའི་ནང་ཆོས་དཔེ་ཚོགས་དེ་དག་ཚུར་བསྒྱུར་ནས་བྱས་རྗེས་བཞག་ཐུབ་ན། ང་ཚོ་བོད་རིགས་ཀྱི་འཇོན་ཐང་དངོས་གནས་རེད་ལྟ་བུ་གསུངས་ཡོད་པ་རེད་ལ། དེ་བཞིན་༸སྐྱབས་རྗེ་མཁས་དབང་ཟམ་གདོང་རིན་པོ་ཆེས་ཀྱང། སངས་རྒྱས་ཀྱི་བཀའ་དང་བསྟན་བཅོས་གང་ཞིག་ཡིན་རུང་བོད་སྐད་ནང་དུ་མ་བཞུགས་པ་དེ་དག་ཚུར་བསྒྱུར་ཐབས་དགོས་པ་དང། ༸རྒྱལ་དབང་མཆོག་དང་ཁོང་གཉིས་ཀས། ད་ལྟ་བོད་ཀྱི་སྐད་ཡིག་ནང་ཡོད་ཀྱང་ལེགས་སྦྱར་དང་པ་ལི་ནང་དུ་མ་བཞུགས་པ་དེ་དག་ཁུངས་འཕེར་ཉམས་ཞིབ་བྱ་ཐུབ་ན་ཡག་པོ་ཡོད་ལུགས་ཀྱི་བཀའ་སློབ་ནན་ཏན་དུ་ཕེབས་ཡོད་པ་ལས། བོད་སྐད་བསྟན་འགྱུར་ཕྱི་ཡིག་ནང་བསྒྱུར་འཆར་དེར་ཕྱི་ཚུལ་ཙམ་ལས་ཁོང་གཉིས་ཀས་དོན་དམ་ལ་རྒྱལ་བ་དགྱེས་པའི་མཆོད་སྤྲིན་འགྲོ་བའི་རྣམ་པ་ཐོན་མེད་པ་རེད།
མ་གཞི་དེང་དུས་ཕྱི་ཡིག་ཐ་ཐོར་ཤེས་མཁན་ཡོད་སྲིད་ཀྱང། རང་རེ་བོད་ཀྱི་སྐད་ཡིག་ཐད་མཐོང་ཆུང་དང། དམའ་འབེབས། སྣབ་ལུད་ལྟར་དོར་བའི་དུས་སུ་སླེབས་བཞིན་པ་ཡིན་པས། བོད་ཀྱི་སྐད་ཡིག་དང་ཕྱི་ཡིག་གཉིས་ཀའི་ཐོག་ཏུ་གོ་བ་གཏིང་ཟབ་ལོན་མཁན་ཆེས་དཀོན་པོ་ཡིན་པ་ཕར་བལྟས་ཚུར་ཤར་ཡིན་ལ། ལྷག་དོན། ནང་ཆོས་ཀྱི་འགྲོས་དང་མཐུན་པའི་སྦྱང་པ་ཚད་ལྡན་ཞིག་བྱས་མཁན་ཉིན་སྐར་ལྟར་ཡིན་སྲིད་ན། བསྡུས་ཆུང་གི་ལན་བཞིའི་འགྲོ་སྟངས་ཀྱང་ཕྱི་ཡིག་ནང་དུ་བསྒྱུར་མ་ཐུབ་པ་དང། གཅིག་མཐུན་བྱུང་མེད་པ་སོགས་ལ་བལྟས་ན། གང་ལྟར་དངུལ་གྱི་ཆེད་དུ་འདྲ་ཡིན་ན་མ་གཏོགས། བསྟན་འགྱུར་ཕྱི་ཡིག་ནང་དུ་བསྒྱུར་འཆར་དེ་ལ། ཧེ་ཧེ།།
No comments:
Post a Comment